འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།རོལ་རྩེད་ལ་དབྱིངས་ཞུགས་པ་དེ་སེམས་ཁམས་ཀྱི་ནད་གཞི་ཞིག་ཏུ་བརྩིས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་01ཉིན། 11:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་《རྒྱལ་སྤྱིའི་ནད་གཞི་རིགས་དབྱེ་》གསར་སྒྱུར་བྱས་པ་བཏོན་ནས“རོལ་རྩེད་མ་བརྩེས་ན་སྡོད་མི་ཚུགས་པ”སྟེ་རྒྱུན་གཏན་དུ་བརྗོད་པའི་རོལ་རྩེད་ལ་དབྱིངས་ཞུགས་པ་ཞེས་པ་དེ་ནད་གཞི་ཞིག་ཏུ་བརྩིས་ཡོད་པ་རེད།
         《རྒྱལ་སྤྱིའི་ནད་གཞི་རིགས་དབྱེ་》ཞེས་པ་ནི་གོ་ལ་ཧྲིལ་པོའི་འཕྲོད་བསྟེན་བྱ་གཞག་གི་འཕེལ་ཕྱོགས་དང་བསྡོམས་རྩིས་ཀྱི་གྲངས་གཞི་གཏན་འཁེལ་བྱེད་པའི་རྨང་གཞི་ཞིག་ཡིན་པའི་ནང་། དབང་པོར་སྐྱོན་ཞུགས་པ་དང་། ནད་ཕོག་པ། འཆི་རྐྱེན་བཅས་དང་འབྲེལ་བའི་ཚབ་ཨང་དམིགས་བསལ་ཅན་ཁྲི་5.5ཙམ་བསྡུས་པས། འཕྲོད་བསྟེན་ཆེད་ལས་པས་སྤྱི་སྤྱོད་ཀྱི་སྐད་བརྡར་བརྟེན་ནས་འཛམ་གླིང་ས་གནས་ཁག་གི་འཕྲོད་བསྟེན་གྱི་ཆ་འཕྲིན་སྤེལ་རེས་བྱེད་ཀྱི་ཡོད།
         གསར་དུ་བཏོན་པའི་《རྒྱལ་སྤྱིའི་ནད་གཞི་རིགས་དབྱེ་》བའི་པར་གཞི་ཨང་བཅུ་གཅིག་པའི་ནང་སྲོལ་རྒྱུན་གྱི་གསོ་རིག་དེ་རིགས་དབྱེའི་ཁོངས་སུ་ཐོག་མར་བཅུག་ཡོད། སྐྱེ་འཕེལ་དབང་པོའི་བདེ་ཐང་སྐོར་གྱི་ལེའུ་གསར་པའི་ནང་། དེ་སྔོན་བྱེད་ཐབས་གཞན་གྱི་ཐོག་ནས་རིགས་དབྱེ་བའི་ནད་གཞི་དཔེར་ན། སེམས་ཁམས་ཀྱི་ནད་གཞིར་རྩི་བའི་རང་གིས་རང་ངོ་འབྱེད་ཚུལ་ལམ་ཡང་ན་ཕོ་མོའི་རྟགས་དང་ལུས་ཁམས་དབྱེ་བ་འབྱེད་ཚུལ་གཅིག་པ་མ་ཡིན་པའི“ཕོ་མོ་དབྱེ་འབྱེད་མི་ཤེས་པའི”ནད་ལྟ་བུ་བསྡུས་ཡོད།
          གསར་དུ་བཏོན་པའི་《རྒྱལ་སྤྱིའི་ནད་གཞི་རིགས་དབྱེ་》ཞེས་པ་དེས་རོལ་རྩེད་མ་བརྩེས་ན་སྡོད་མི་ཚུགས་པ་དེ་དབྱིངས་ཞུགས་པའི་ནད་དུ་བརྩིས་པའི་ཐོག་ནས་རོལ་རྩེད་ལ་དབྱིངས་ཞུགས་པ་དེ་སེམས་ཁམས་ཀྱི་ནད་གཞི་ཞིག་ཡིན་པ་མཚོན་ཞིང་། དེའི་ནད་རྟགས་ལ་ཚོད་གཏན་ནས་མེད་པར་རང་གཅིག་པུའམ་ཡང་ན་དྲ་ཐོག་མཉམ་ཞུགས་ངང་རྩེད་མོ་རྩེ་བ་དང་། རོལ་རྩེད་བརྩེས་དྲགས་པའི་དབང་གིས་དགའ་མོས་བྱ་ཡུལ་དང་རྒྱུན་གཏན་བྱེད་སྒོ་གཞན་ལ་སྣང་བ་མི་གཏོང་བ། གནོད་སྐྱོན་ཡོད་པ་ཤེས་བཞིན་རོལ་རྩེད་ལ་སྔར་བཞིན་དབྱིངས་ཞུགས་པ་སོགས་ཚུད་ཡོད།
         འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས། “རོལ་རྩེད་མ་བརྩེས་ན་སྡོད་མི་ཚུགས་པའི”ནད་དེ་ཕོག་ཡོད་མེད་ལྟ་བར་འབྲེལ་ཡོད་ཀྱི་ནད་རྟགས་ཐོན་ཡུན་ཉུང་མཐར་ཡང་ཟླ་བ་12ཟིན་དགོས། གལ་སྲིད་ནད་རྟགས་ཚབས་ལྗིད་པོ་ཡོད་ཚེ་ལྟ་ཞིབ་བྱེད་ཡུན་ཐུང་དུ་གཏོང་ཆོག་ཅེས་བཤད། ཞིབ་འཇུག་བྱས་པ་ལས། རོལ་རྩེད་རྩེ་མཁན་ཁྲོད་མི་ཉུང་ཤས་ལ་རོལ་རྩེད་མ་བརྩེས་ན་སྡོད་མི་ཐུབ་པ་མངོན་ཡོད། ཡིན་ནའང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རོལ་རྩེད་རྩེ་མཁན་གྱིས་རོལ་རྩེད་བརྩེས་ནས་དུས་ཚོད་འཕྲོ་བརླག་འགྲོ་རྒྱུར་གཟབ་དགོས་ལ། རོལ་རྩེད་བརྩེས་ནས་རང་ཉིད་ཀྱི་རྒྱུན་གཏན་གྱི་བྱེད་སྒོ་གཞན་ལ་གནོད་སྐྱོན་མི་ཡོང་བ་དང་ལྷག་དོན་དུ་རོལ་རྩེད་ཀྱིས་ལུས་སེམས་གཉིས་ཀའི་བདེ་ཐང་དང་སྤྱི་ཚོགས་འབྲེལ་བར་འགྱུར་བ་ཐེབས་ཚུལ་ཚང་མར་གཟབ་གཟབ་བྱེད་དགོས་པའི་དྲན་བསྐུལ་བྱས་ཡོད།
         གསར་དུ་བཏོན་པའི་《རྒྱལ་སྤྱིའི་ནད་གཞི་རིགས་དབྱེ་》ཞེས་པ་དེ་ལོ་བཅུ་ལྷག་ནང་བཟོ་བཅོས་བརྒྱབ་པ་བརྒྱུད་ད་རེས་ཀྱི་པར་གཞི་སྔོན་མ་ལས་ལེགས་བཅོས་ཆེན་པོ་བྱས་ཏེ་གློག་རྡུལ་གྱི་ཐོག་ནས་ཐེངས་དང་པོ་བཏོན་པ་དང་། ཡིག་ཆའི་རྣམ་གཞག་འགོད་སྟངས་ཀྱང་སྤྱོད་མཁན་ལ་སྟབས་བདེ་ཡོང་བར་བྱས་ཡོད། པར་གཞི་གསར་པ་དེ་སང་ལོའི་ཟླ་ལྔ་པར་འཚོག་རྒྱུའི་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཚོགས་ཆེན་ཐོག་མཐའ་མའི་ཆོག་མཆན་ཐོབ་པ་བྱས་ནས་2022ལོའི་ཟླ་1ཚེས་1ཉིན་ནས་བཟུང་གོ་ཆོད་རྒྱུ་ཡིན་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།