འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།དབུལ་པོའི་ས་ཁུལ་གྱི་མང་ཚོགས་625ཡངས་པ་ཅན་ཆུ་ཚན་ཁུལ་དུ་སྤོས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་29ཉིན། 14:09】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ཡངས་པ་ཅན་ཚ་ཆུ་ཐང་གྲོང་ཚོ།
    ཡངས་པ་ཅན་ཚ་ཆུ་ཐང་གྲོང་ཚོ།
             མི་དམངས་དྲ་བའི་འཕྲིན། མིག་སྔའི་བར་དུ་མངའ་རིས་དང་ནག་ཆུ། ཆབ་མདོ་སོགས་ས་བབ་མཐོ་བའི་ས་ཆ་དང་ཐག་རིང་ས་ཁུལ་ནས་གནས་སྤོས་བྱས་པའི་མང་ཚོགས་625ས་འོག་ཚ་ནུས་ཆུ་ཚན་གྱི་སྐད་གྲགས་ཆོད་པའི་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་ཡངས་པ་ཅན་ཆུ་ཚན་ཁུལ་་གྱི་ཚ་ཆུ་ཐང་གྲོང་ཚོར་གནས་སྤོས་བྱས་ཡོད།
            ས་གཤིས་ཁོར་ཡུག་དང་དམིགས་བསལ་གྱི་གནམ་གཤིས་ཆ་རྐྱེན་སོགས་རྒྱུ་རྐྱེན་གྱི་ཤུགས་རྐྱེན་ཐེབས་ཏེ། བོད་ལྗོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་ཁྲོད་མང་པོ་ཞིག་ནད་གཞིས་རྐྱེན་པས་དབུལ་པོ་ཆགས་པ་དང་། གྲུམ་ནད་ཀྱིས་དབང་བོར་སྐྱོན་ཅན་དུ་འགྱུར་ནས་དབུལ་པོ་ཆགས་པའི་སྣང་ཚུལ་ཧ་ཅང་མངོན་གསལ་དོད་པོ་ཡོད། “ད་རེས་ཀྱི་གནས་སྤོས་དེ་ཚད་ངེས་ཅན་ཞིག་གི་ཐོག་ནས་གྲུམ་ནད་ཕོག་པའི་དབུལ་པོ་མང་ཚོགས་ཁག་ཅིག་ལ་དམིགས་ཡོད།” ཚ་ཆུ་ཐང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་བདེ་པད་ཀྱིས“ཡངས་པ་ཅན་དུ་ཆུ་ཚན་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས། གནས་སྤོས་དུད་ཚང་གི་ཁྱིམ་དུ་ཆུ་ཚན་རྫིང་བུ་བཙུགས་ཡོད་པ་དང་། རྫིང་བུའི་ནང་གི་ས་འོག་ཚ་ནུས་སྦུག་ལམ་ནང་ནས་གཏོང་གི་ཡོད་པས། ལུས་བདེ་སེམས་སྐྱིད་ཡོང་བ་དང་། ལུས་ཀྱི་ནུས་པ་ཆེ་རུ་འགྲོ”ཅེས་བརྗོད།
           གསར་འགོད་པས་ཚ་ཆུ་ཐང་གྲོང་ཚོ་ནས་ཤེས་རྟོགས་བྱས་པར་གཞིགས་ན། སྡོད་ཁང་གི་ཆ་རྐྱེན་དང་འཚོ་བའི་ཆ་རྐྱེན་ཡག་པོ་ཡོད་པ་མ་ཟད། སློབ་ཆུང་དང་བུ་བཅོལ་ཁང་། ལུས་གསོ་ལྟེ་གནས། སྒོ་རྩིས་ཚོང་ཁང་སོགས་སྒྲིག་བཀོད་ཆ་ཚང་ཡོད། མིག་སྔར་ད་ཡོད་ཀྱི་སློབ་ཆུང་སློབ་མ་66སློབ་སྒྱུར་ཀྱི་འགྲོ་ལུགས་གཉེར་ཟིན་ནས་དངོས་སུ་སློབ་གྲྭར་ཞུགས་པ་དང་། སློབ་ལོ་ལོན་པའི་བྱིས་པ་53བུ་བཅོལ་ཁང་དུ་བསྐྱལ་ཡོད་པ་རེད།
           གནས་སྤོས་དུད་ཚང་གནས་ཐུབ་པ་དང་ཕྱུག་པོ་ཆགས་ཐུབ་པ་ཡོང་ཆེད། མ་འཇོག་སྒོར་ཁྲི་3900ཙམ་བཏང་ནས་ལུག་སྡོམ་གསོས་མཉམ་ལས་ཁང་བཙུགས་ཏེ། དུད་ཚང་རེར་ལུག་བཅོ་ལྔ་མ་རྐང་ནང་བཅུག་པས་ལོ་མཇུག་ལ་ཁེ་སྤོགས་བགོ་བཤའ་རྒྱག་ཆོག་གི་ཡོད་” བདེ་པད་ཀྱིས“ན་གཞོན་གྱི་ངོས་ནས་བརྗོད་ན་ང་ཚོས་ལག་རྩལ་གསོ་སྦྱོང་སྣ་ཚོགས་མཁོ་འདོན་བྱས་ནས་ཁོང་ཚོས་ལས་ཞུགས་རྩལ་ནུས་ཁོང་དུ་ཆུད་པ་བྱས་ཏེ། ལག་པ་གཉིས་ལ་བརྟེན་ནས་ཕྱུག་འགྱུར་ལམ་དུ་བསྐྱོད་ཐུབ་པ་བྱས་ཡོད”ཅེས་བརྗོད།
            མིག་སྔར། ཚ་ཆུ་ཐང་གྲོང་ཚོར་ངལ་རྩོལ་ནུས་ཤུགས་མི་གྲངས་272ཀྱི་ཁྲོད་མི་120ལས་ཞུགས་ཟིན་པ་དང་མི་27གསོ་སྦྱོང་དང་ལེན་བྱེད་བཞིན་ཡོད། ད་ལོ་ཡིག་ཐོག་ནས་སྙན་སེང་ཞུས་པའི་འབྲོག་ཁྱིམ་སྤྲོ་ཁང་དང་བུད་མེད་ལག་ཤེས་འཁལ་འཐག་མཉམ་ལས་ཁང་དང་། འབྲི་གཡག་སྡོམ་གསོས་རྟེན་གཞི་སོགས་ཐོན་ལས་རྣམ་གྲངས་ཁག་10སྔ་རྗེས་སུ་ལག་ལེན་བསྟར་བས་སླད་ཕྱིན་གྲོང་མི་ཚོ་སྒོ་འགྲམ་ནས་ལས་ཞུགས་ཐུབ་རྒྱུ་རེད། གཞན་ཡང་ཡངས་པ་ཅན་གྱི་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པས་ཚ་ཆུ་ཐང་གྲོང་ཚོས་ཡུལ་སྐོར་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་གོ་སྐབས་དེ་དང་བསྟུན་ནས། “རིག་གནས་སྣ་མང་ཅན་གྱི་དམངས་སྲོལ་གྲོང་ཚོ”ཧུར་ཐག་གཏོད་རྒྱུ་ཡིན་པ་རེད།
            ཤེས་རྟོགས་བྱས་པར་གཞིགས་ན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ལྷ་ས་གྲོང་ཁྱེར་གྱི་གནས་སྤོས་ལས་འགན་ནི་དུད་ཚང་6244དང་མི་24821ཡིན་པ་དང་། རིམ་རྩིས་ལྟར་ན་མ་དངུལ་སྒོར་དུང་ཕྱུར་17.84བཏང་ཡོད། གཅིག་སྡུད་གནས་སྤོས་བཀོད་སྒྲིག་ས་ཚིགས་39སྐྲུན་འགོ་ཚུགས་པ་དང་། བཀོད་སྒྲིག་ས་ཚིགས་34བསྐྲུན་ཟིན་ནས་མི་ཁྲི་1.9གནས་སྤོས་མངོན་འགྱུར་བྱུང་ཡོད།
    གནས་སྤོས་གྲོང་མི་བསྟན་འཛིན་དར་རྒྱས།
    གནས་སྤོས་གྲོང་མི་བསྟན་འཛིན་དར་རྒྱས།
    མཉམ་ལས་ཁང་གི་ལུག
    མཉམ་ལས་ཁང་གི་ལུག
    ཚེ་སྒྲོལ་མ(གཡོན)དང་རང་ཉིད་ཀྱི་ཚོང་ཁང་།
    ཚེ་སྒྲོལ་མ(གཡོན)དང་རང་ཉིད་ཀྱི་ཚོང་ཁང་།
      

    ཕྱོགས་བསྡུས་གསར་འགྱུར།