འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་གསོ་བ་རིག་པའི་དཔེ་རྙིང་དང་ཚད་ལྡན་ཡིག་ཆ་རིགས་600ལྷག་ཙམ་གྲངས་གཞི་ཅན་
    ལ་བརྟེན་ནས་རིན་ཐང་གསར་པ་མངོན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་22ཉིན། 15:55】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།བོད་ཀྱི་གསོ་བ་རིག་པའི་དཔེ་རྙིང་དང་ཚད་ལྡན་ཡིག་ཆ་རིགས་600ལྷག་ཙམ་གྲངས་གཞི་ཅན་
ལ་བརྟེན་ནས་རིན་ཐང་གསར་པ་མངོན་པ།
            མི་དམངས་དྲ་བའི་འཕྲིན། གསར་འགོད་པར་མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་བ་རིག་པའི་ཞིབ་འཇུག་ཁང་ནས་ཤེས་རྟོགས་བྱུང་གསལ། ཁང་དེས་སྤྱི་ལོའི་དུས་རབས་7པ་ནས་དུས་རབས་20པའི་དུས་འགོའི་བར་གྱི་བོད་ཀྱི་གསོ་བ་རིག་པའི་དཔེ་རྙིང་དང་ཚད་ལྡན་ཡིག་ཆ་རིགས་600ལྷག་ཙམ་གྱི་གྲངས་གཞི་ཅན་གྱི་ལས་དོན་ལེགས་སྒྲུབ་བྱས་པས་གདོད་མའི་ཚད་ལྡན་ཡིག་ཆ་རྩ་ཆེན་སྔར་བས་ལེགས་པའི་ངང་ཉར་ཚགས་ཐུབ་པ་མ་ཟད། བོད་ཀྱི་གསོ་བ་རིག་པའི་ལས་དོན་མི་སྣར་བོད་ཀྱི་གསོ་བ་རིག་པའི་ཚན་རྩལ་ཆ་འཕྲིན་གྱི་སྤྱི་པའི་ཞབས་ཞུའི་ལས་སྟེགས་ཀྱང་མཁོ་འདོན་ཐུབ་ཡོད།
           ངོ་སྤྲོད་བྱས་པར་གཞིགས་ན། ལོ་རྒྱུས་སུ་འཁོད་པའི་བོད་ཀྱི་གསོ་བ་རིག་པའི་དཔེ་རྙིང་དང་ཚད་ལྡན་ཡིག་ཆའི་གྲངས་རིགས་5000ལྷག་ཙམ་ཟིན་མོད། ལོ་རྒྱུས་ཡུན་རིང་ཕྱིན་པ་དང་ཉར་ཚགས་ཀྱི་ཆ་རྐྱེན་ཞན་པའི་དབང་གིས་བོད་ཀྱི་གསོ་བ་རིག་པའི་དཔེ་རྙིང་དང་ཚད་ལྡན་ཡིག་ཆ་རུལ་བ་དང་། འབུ་བརྒྱབ་པ། གཏོར་སྐྱོན་སོང་བ། བརླགས་པ་སོགས་ཀྱི་སྣང་ཚུལ་ཚབས་ཆེན་ཐོན་ཡོད།
           ད་ཕན་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་བ་རིག་པའི་ཞིབ་འཇུག་ཁང་གིས་སྔ་རྗེས་སུ་མི་ཐེངས་100ལྷག་ཙམ་སྒྲིག་འཛུགས་བྱས་ནས་དབྱིན་ཇི་དང་། ཨ་རི། དབྱི་ཐ་ལི། རྒྱ་གར། ནེ་པ་ལ། མོང་གོལ། ཨུ་རུ་སུ་སོགས་རྒྱལ་ཁབ་10ལྷག་ཙམ་དང་བོད་དང་། མཚོ་སྔོན། ཀན་སུའུ། སི་ཁྲོན། ཡུན་ནན། ནང་སོག ཤིན་ཅང་། པེ་ཅིང་སོགས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་སུ་བསྐྱོད་ནས་བོད་ཀྱི་གསོ་བ་རིག་པའི་དཔེ་རྙིང་དང་ཚད་ལྡན་ཡིག་ཆ་རིགས་1060འཚོལ་བསྡུ་དང་ལེགས་སྒྲིག་བྱས་པ་རེད། མིག་སྔར་གྲངས་གཞི་ཅན་གྱི་དཔེ་རྙིང་དང་ཚད་ལྡན་ཡིག་ཆ་རིགས་600ལྷག་ཙམ་གྱི་ཁྲོད་དཔེ་རྒྱུན་དཀོན་རིགས་དང་དཔེ་ཆ་རྩ་ཆེན་ཡང་ཚུད་ཡོད།
          མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་བ་རིག་པའི་ཞིབ་འཇུག་ཁང་གི་ཚད་ལྡན་ཡིག་ཆའི་ཆ་འཕྲིན་ལྟེ་གནས་ཀྱི་ཀྲུའུ་རེན་མཁའ་འགྲོ་སྐྱིད་ཀྱིས་བོད་ཀྱི་སྨན་རྒྱུ་རིགས་200དང་། བོད་སྨན་སྨན་སྦྱོར་རིགས་5500 བོད་ཀྱི་གསོ་བ་རིག་པའི་ཚད་གཞི་5000 བོད་ཀྱི་གསོ་བ་རིག་པའི་སྨན་བཅོས་ལག་རྩལ་ཁག་300 བོད་ཀྱི་གསོ་བ་རིག་པའི་རིག་གཞུང་དུས་དེབ་800བཅས་གྲངས་གཞི་ཅན་གྱི་བོད་ཀྱི་གསོ་བ་རིག་པའི་ཐོན་ལས་ཆེད་ལས་ཀྱི་གྲངས་གཞིའི་མཛོད་ཆེན་པོ་ཞིག་ཆགས་ཡོད་ཅེས་བཤད།
          གཞན་ཡང་གྲངས་གཞིའི་མཛོད་སྐྲུན་པ་ནི་2016ལོར་སྤེལ་འགོ་ཚུགས་པའི་བོད་ཀྱི་གསོ་བ་རིག་པའི་ཐོན་ལས་ལག་རྩལ་གསར་གཏོད་ཀྱི་ཞབས་ཞུའི་ལས་སྟེགས་གཏོད་པའི་རྣམ་གྲངས་ཀྱི་ནང་དོན་གྲས་ཤིག་རེད། རྣམ་གྲངས་དེ་ཚན་རྩལ་པུས་ཆོག་མཆན་སྤྲད་པ་དང་། པེ་ཅིང་དང་། བོད་ལྗོངས། ཀན་སུའུ། མཚོ་སྔོན་བཅས་ཀྱི་ཚན་པ་15ཐུན་མོང་ཐོག་ཞུགས་པ་དང་དེའི་དམིགས་ཡུལ་ནི་བོད་ཀྱི་གསོ་བ་རིག་པའི་སྤུས་ལེགས་ཀྱི་ཚན་རྩལ་ཐོན་ཁུངས་ནུས་ལྡན་ངང་བསྡུ་སྒྲིལ་བྱས་ནས་བོད་ཀྱི་གསོ་བ་རིག་པའི་ཐོན་ལས་ལ་རྨང་གཞི་དང་། ལག་རྩལ། ཤེས་ལྡན་མི་སྣ་གསོ་སྦྱོང་སོགས་ཀྱི་ཞབས་འདེགས་མཁོ་འདོན་བྱས་ཏེ་རང་རྒྱལ་གྱི་བོད་ཀྱི་གསོ་བ་རིག་པའི་ཐོན་ལས་ཀྱི་ལྟེ་བའི་འགྲན་ནུས་ཆེ་རུ་གཏོང་རྒྱུ་དེ་རེད།
      

    ཕྱོགས་བསྡུས་གསར་འགྱུར།