འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཉེ་བའི་ལོ་ལྔའི་ནང་རྒྱལ་ཡོངས་སུ་གྱོད་ཐོ་བཀོད་ནས་རྩད་བཤེར་ཐག་གཅོད་བྱས་པའི་རྩྭ་
    ཐང་གི་ཁྲིམས་འགལ་གྱོད་གཞི་ཁྲི་8ལྷག་ཟིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་28ཉིན། 10:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཆ་འཕྲིན་གཞིར་བཟུང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ས་གནས་ཁག་གིས་རྩྭ་ཐང་གི་ཁྲིམས་འཛིན་ལྟ་སྐུལ་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་རྩྭ་ཐང་གི་ཐོན་ཁུངས་ལ་གཏོར་བཤིག་གཏོང་བའི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་བས། རྩྭ་ཐང་གི་ཁྲིམས་འགལ་གྱོད་གཞིའི་གྲངས་འབོར་རྒྱུན་མཐུད་ངང་ཆག་པ་དང་གྱོད་སྒྲུབ་སྤུས་ཚད་དང་ལས་ཆོད་ཀྱང་རྒྱུན་ཆད་མེད་པར་ཆེ་རུ་སོང་ཡོད། ཉེ་བའི་ལོ་ལྔའི་ནང་རྒྱལ་ཡོངས་སུ་རིམ་རྩིས་བྱས་ན་གྱོད་ཐོ་བཀོད་ནས་རྩད་བཤེར་ཐག་གཅོད་བྱས་པའི་རྩྭ་ཐང་གི་ཁྲིམས་འགལ་གྱོད་གཞི་ཁྲི་8ལྷག་ཟིན་པའི་ནང་ཁྲིམས་འཛིན་ལས་ཁུངས་ལ་བསྐྱལ་བའི་ཉེས་གསོག་གྱོད་གཞི་2400ཡོད་པ་རེད།
         རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལི་ཧྲུའུ་མིང་གིས་ངོ་སྤྲོད་བྱས་པར། མིག་སྔར་རྩྭ་ཐང་གི་ཁྲིམས་འཛིན་ལས་དོན་ལ་དཀའ་ངལ་དང་འགྲན་སློང་མི་ཉུང་བ་ཞིག་འཕྲད་ཡོད། ཁྲིམས་ལས་འགལ་མི་ཕོད་པ་དང་ཁྲིམས་ལས་འགལ་མི་འདོད་པའི་རྣམ་པ་ད་ལྟ་རྦད་དེ་ཆགས་མེད་ལ་རྩྭ་ཐང་ཁ་གཏོར་བཤིག་གཏོང་བའི་ཁྲིམས་འགལ་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་གཏོང་བའི་རྣམ་གནོན་རང་བཞིན་གྱི་རྣམ་པ་ཡང་ད་ལྟ་མངོན་འགྱུར་ཐུབ་མེད་པས་རྩྭ་ཐང་གི་ཁྲིམས་འཛིན་ལ་ཚོད་འཛིན་བཟོ་བའི་རིམ་པ་མང་བའི་འགལ་ཟླ་དང་གནད་དོན་སྔར་བཞིན་མངོན་གསལ་དོད་པོ་ཡོད་པ་རེད། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་རྩྭ་ཐང་གི་ཁྲིམས་སྐྱོང་མ་ལག་དང་། ལམ་ལུགས་མ་ལག ལྟ་སྐུལ་དོ་དམ་མ་ལག་བཅས་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ་ནགས་ཚལ་དང་རྩྭ་ཐང་གི་ལྟ་སྐུལ་དོ་དམ་མཉམ་འདྲེས་གཏིང་ཟབ་ལ་ཤུགས་སྣོན་རྒྱག་པ་དང་ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་ལ་གཏོར་བཤིག་གཏོང་བའི་ཁྲིམས་འགལ་བྱེད་སྤྱོད་ཁག་ལ་རྡུང་རྡེག་ཚ་ནན་བཏང་ནས་སྣོད་བཅུད་སྲུང་སྐྱོང་དང་མ་ལག་ཉམས་གསོར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། རང་རྒྱལ་ནི་རྩྭ་ཐང་གི་ཐོན་ཁུངས་སྟོབས་ཆེའི་རྒྱལ་ཁབ་ཅིག་ཡིན་པས་རྩྭ་ཐང་གི་རྒྱ་ཁྱོན་མུའུ་དུང་ཕྱུར་60ཙམ་ཡོད་པ་དེས་རྒྱལ་ཁབ་ཀྱི་སྐམ་སའི་རྒྱ་ཁྱོན་གྱི་41.7%བཟུང་ནས་འཛམ་གླིང་གི་ཨང་དང་པོ་ཡིན་པ་རེད། རང་རྒྱལ་གྱིས་རྩྭ་ཐང་སྣོད་བཅུད་ལ་སྲུང་སྐྱོང་དང་ཉམས་གསོ་བྱེད་ཤུགས་ཆེ་རུ་བཏང་བ་བརྒྱུད། རྩྭ་ཐང་སྣོད་བཅུད་རྒྱུན་མཐུད་ངང་ཇེ་ཞན་དུ་འགྲོ་བའི་རྣམ་པར་ཚོད་འཛིན་ནུས་ལྡན་བྱུང་ཡོད། འོན་ཀྱང་རྩྭ་ཐང་སྣོད་བཅུད་ཀྱི་མ་ལག་སྤྱིར་ན་ཉམས་ཞན་ཡིན་སྟབས་རྩྭ་ཐང་མང་ཆེ་བ་ཉམས་ཞན་དུ་འགྲོ་བཞིན་ཡོད་པས་རྩྭ་ཐང་གི་ཐོན་ཁུངས་དང་སྣོད་བཅུད་སྲུང་སྐྱོང་གི་ལས་འགན་ཧ་ཅང་ལྗི་པོ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།