འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཞིང་འཕྲུལ་བཟོ་གྲྭ་ཆུང་ཆུང་ཕྱི་རྒྱལ་དུ་བཙུགས་པའི་སྐོར།

    —— ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་ཨ་མེ་རི་ཁ་གླིང་བྱང་མའི་གཏམ་རྒྱུད།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་28ཉིན། 10:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          ཞོགས་པའི་ཆུ་ཚོད་7པར་ཨ་རིའི་ཁང་ཉེ་ཏི་ཀེ་ཀྲོའུ་ཡི་གྲོང་རྡལ་ཆུང་ངུ་ཝོ་ཐེ་ཏུན་གྱི“གོ་ལ་ཧྲིལ་པོ་ཁ་ཕྱོགས་སྒྱུར་བའི་མ་ལག་ཀུང་སིའི”བཟོ་གྲྭའི་འཁོར་ཁང་ནང་ལོ་59ལ་སླེབས་པའི་པོ་ལ་ཨེར་གྱིས་ཐོན་སྐྱེད་སྒྲུབ་རིམ་གྱི་འཁྲིས་སུ་ཉིན་གཅིག་གི་ལས་དོན་སྒྲུབ་རྩིས་བྱེད་བཞིན་མཆིས།
          ལོ་10ཡི་གོང་དུ་རླངས་འཁོར་གྱི་ལྷུ་ལག་མཁོ་སྤྲོད་ཚོང་ཁང་དེ་སྒོ་རྒྱག་རྒྱུ་ཡིན་པ་ཤེས་སྐབས། རང་ཉིད་དང་ལས་རོགས་ཚོ་རེ་བ་སྟོང་ཟད་དུ་ཕྱིན་པ་ལྟར་བྱུང་བ་ད་ལྟའང་ཁོང་གིས་གསལ་པོར་དྲན་གྱི་ཡོད། “རྗེས་སུ་ཀྲུང་གོའི་སྦྱིན་བདག་ཞིག་གིས་བཟོ་གྲྭ་རྩིས་བླངས་པ་དང་། ད་ཆ་ཚོང་ཇི་ཙམ་བརྒྱབ་པ་དེ་ཙམ་གྱིས་ཡག་ཏུ་ཕྱིན་ཡོད”ཅེས་པོ་ལ་ཨེར་གྱིས་བཤད།
          པོ་ལ་ཨེར་གྱིས“ཀྲུང་གོའི་སྦྱིན་བདག”ཞེས་པ་ནི་ཀྲུང་གོའི་རླངས་འཁོར་ལྷུ་ལག་ཚོང་ཆེན་དབན་ཞང་ཚོགས་པ་རེད། ལོ་བཅུ་ཕྲག་འགའ་ཤས་གོང“ཀྲུང་གོའི་སྦྱིན་བདག”དེ་ཞིང་འཕྲུལ་ཉམས་གསོ་ལྷུ་སྒྲིག་བཟོ་གྲྭ་ཞིག་རེད། གལ་སྲིད་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེ་མེད་ན། དབན་ཞང་ཚོགས་པ་དེ་ཕྱི་རྒྱལ་གྱི་ཁྲོམ་རའི་ཐོག་སྐྱོད་ཐབས་བྲལ་ལ། གོ་ལ་ཧྲིལ་པོ་ཁ་ཕྱོགས་སྒྱུར་བའི་མ་ལག་ཀུང་སི་དེར་ཤི་ཁར་གསོན་ལམ་རྙེད་མི་སྲིད།
          དབན་ཞང་ཀུང་སི་དེ་1969ལོར་བཙུགས་ནས་ཐོག་མའི་དུས་སུ་་ཞིང་འཕྲུལ་ཉམས་གསོ་ལྷུ་སྒྲིག་གཙོ་གཉེར་བྱེད་པ་དང་། རྗེས་སུ་རླངས་འཁོར་གྱི་ལྷུ་ལག་ཐོན་སྐྱེད་བྱེད་པར་སྒྱུར་ཡོད། སྒྱུར་བཅོས་སྒོ་དབྱེའི་དཔྱིད་རླུང་ལྡང་པ་དང་བསྟུན་ནས་ཀུང་སི་དེས་ཕྱི་རྒྱལ་གྱི་ཁྲོམ་རའི་ཐོག་བསྐྱོད་རྒྱུའི་གདམ་ག་བྱས་ཏེ་ཨ་རིའི་ས་གཞི་ཆེན་མོར་སྐྱོད།
         སྒྱུར་བཅོས་སྒོ་དབྱེས་མི་རྣམས་ལ“ཁྲོམ་རའི་ཐོག་བསྐྱོད་རྒྱུའི”སེམས་ཤུགས་ཤིག་སྦྱིན། སྐབས་དེ་དུས་ཀྱི་ཁ་ཕྱོགས་ཀྱི་ངོས་ནས་བརྗོད་ན། འཛམ་གླིང་དང་སྦྲེལ་མཐུད་བྱེད་བསམ་ན་ཐབས་ལམ་ཡག་ཤོས་གཅིག་ཁོ་ན་ལས་མེད་པ་དེ་ནི“རླངས་འཁོར་གྱི་རྒྱལ་ཁབ”ཅེས་པའི་ཨ་རིར་བསྐྱོད་དེ་ཚོད་ལྟ་འཚོལ་ཞིབ་བྱ་རྒྱུ་དེ་རེད།
         རྒྱལ་ཁབ་ནས་ཕྱིར་བསྐྱོད་པ་ཁོ་ན་ཕྱི་རྒྱལ་གྱི་ཁྲོམ་རར་སྐྱོད་པ་ཞིག་མིན་པར་འཇོན་ཐང་ཅན་ཚོ་དང་འགྲན་རྩོད་བྱེད་པར་བསྐྱོད་ན་གཞི་ནས་འཇོན་ཐང་ངོ་མ་ཆེ་རུ་གཏོང་བ་ཞིག་ཡིན། ཐོག་མར་ཨ་རིར་སྐྱོད་སྐབས་སྐབས་དེ་དུས་ཀྱི་ཏུང་ཧྲི་ཀྲང་ལུའུ་ཀོན་ཆིའུ་ཡིས“བཀའ་བཙན”ཞིག་ཕབ་པ་སྟེ། ཨ་རིའི་ཁེ་ལས་ཀྱིས་བཟོ་ཐུབ་པའི་ཐོན་རྫས་དག་དབན་ཞང་ཀུང་སིས་ཀྱང་བཟོ་ཐུབ་པ་དང་། ཁོང་ཚོའི་ཐོན་རྫས་ཀྱི་སྤུས་ཚད་ལ་གནད་དོན་མེད་ན་ང་ཚོའི་ཐོན་རྫས་ལ་དེ་བས་གནད་དོན་མེད་པ་བྱེད་དགོས་པ་དེ་རེད།
         དཀའ་ཚེགས་ཆེན་པོ་དེ་ལྟ་བུར་བརྟེན་ནས་ད་ཆའི་དབན་ཞང་ཀུང་སི་དེ་འཕེལ་རྒྱས་བཏང་བ་སྟེ། ཨ་རིར་བཟོ་སྐྲུན་བཟོ་གྲྭ་21ཡོད་པ་དང་ཨ་རིའི་དབུས་ནུབ་རྒྱུད་ཀྱི་ཀྲུང་གོའི་མ་འཇོག་ཁེ་ལས་ཆེ་ཤོས་དེ་ཡིན་པ། ལས་སྒོའི་ནང་རླངས་འཁོར་བཟོ་སྐྲུན་གྱི་ལྷུ་ཚིགས་མང་པོ་ཞིག་ཚུད་ཡོད་པ་རེད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། ཨ་རིར་བཟོ་སྐྲུན་བྱས་པའི་རླངས་འཁོར་གྱི་ཁྲོད་ནས་རླངས་འཁོར་གཉིས་རེའི་ནང་གི་གཅིག་ནང་དབན་ཞང་ཀུང་སིའི་ལྷུ་ལག་བེད་སྤྱོད་བྱས་ཡོད་པ་རེད།
         དབན་ཞང་ཀུང་སི་ནི་སྒྱུར་བཅོས་སྒོ་དབྱེའི་རླབས་རྒྱུན་ཁྲོད་ཕྱི་རྒྱལ་གྱི་ཁྲོམ་རའི་ཐོག་སྐྱོད་མཁན་ཀྲུང་གོའི་ཁེ་ལས་འབོར་ཆེན་ཞིག་ནང་གི་མཚོན་ཚུལ་ཞིག་རེད། ཨ་རིའི་ཨ་ཀྲུང་འབྲེལ་བའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་དང་རུང་ཏིང་ཚོགས་པའི་གྲངས་གཞི་ལྟར་ན། 1990ལོ་ནས་2017ལོ་བར། ཀྲུང་གོའི་ཁེ་ལས་ཀྱིས་ཐད་ཀའི་མ་འཇོག་གྲབས་གསོག་ཨ་སྒོར་དུང་ཕྱུར་1400བྱས་པ་དང་། དུས་མཚུངས་སུ་ཨ་རིའི་ཁེ་ལས་ཀྱིས་ཀྲུང་གོར་ཐད་ཀའི་མ་འཇོག་བྱེད་ཚད་ཨ་སྒོར་དུང་ཕྱུར་2565ཟིན་ཡོད། མིག་སྔར་ཀྲུང་གོའི་ཁེ་ལས་ཀྱིས་ཨ་རི་ནས་གླས་པའི་ཨ་རི་བ་ཁྲི་14ལྷག་ཙམ་ཟིན་ཞིང་། ལས་རིགས་ནང་ཁུལ་གྱི་མི་སྣས་ཀྲུང་གོའི་མ་འཇོག་གིས་ལས་ཤོར་ངལ་ནུས་འབོར་ཆེན་ཞིག་ཐག་གཅོད་བྱས་པ་དང་། མ་འཇོག་བྱེད་ཚད་མང་དུ་གཏོང་བ་དང་ཆབས་ཅིག་ས་གནས་དེ་གའི་ལས་ཞུགས་ལ་རོགས་རམ་བྱས་ཡོད་པ་རེད།
         སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་ཀྲུང་གོའི་ཁེ་ལས་ཕྱི་རྒྱལ་དུ་འཕེལ་རྒྱས་གཏོང་སྟངས་ཀྱང་དུས་བསྟུན་མདུན་སྐྱོད་བྱུང་བ་དང་། རྒྱུན་ཆད་མེད་པར་ལེགས་སྒྲིག་དང་འགྱུར་ལྡོག་བཏང་ཡོད་པ་རེད།
         དབན་ཞང་ཀུང་སིས་ཉོ་སྒྲུབ་བྱས་པའི་གོ་ལ་ཧྲིལ་པོ་ཁ་ཕྱོགས་སྒྱུར་བའི་མ་ལག་ཀུང་སིས་2013ལོར་ཀྲུང་གོའི་ཁྲང་ཧྲུའུ་རུ་བཟོ་གྲྭ་གསར་པ་ཐོ་འགོད་བྱས་པ་རེད། ཀུང་སིའི་མཁོ་སྤྲོད་དང་འཕེལ་རྒྱས་ཀྱི་གཙོ་འགན་འཁུར་མཁན་ལུའོ་པོ་ཐེ·སི་ཐུའོ་ཏ་ཏེས་ཀྲུང་གོའི་ཀུང་སིས་ས་གནས་དེ་གའི་ལག་རྩལ་ཆེ་མོ་བ་གདན་ཞུ་བྱས་པས་ཀུང་སིའི་ལེགས་ཆ་དེ་བས་མངོན་གསལ་དོད་དུ་སོང་ཡོད། ས་གནས་དེ་གའི་ལས་མིས་ཀྲུང་གོའི་ཁྲོམ་ར་དང་དགོས་མཁོ་ཤེས་རྟོགས་ཐུབ་ལ། ཀྲུང་གོ་དང་ཨ་རིའི་ཁྲོམ་ར་གཉིས་ཀྱི་ལེགས་ཆ་ཡང་ཕན་ཚུན་གསབ་ཤུགས་ཆེ་རུ་ཕྱིན་ཡོད་ཅེས་བཤད།
         དབན་ཞང་ཀུང་སིའི་ཏུང་ཧྲི་ཀྲང་ལུའུ་ཝུའེ་ཏིང་གིས། རྒྱལ་སྤྱིའི་འཕེལ་ཕྱོགས་གཙོ་བོའི་ཁྲོམ་ར་དང་རྒྱལ་སྤྱིའི་སྔོན་ཐོན་ལག་རྩལ་སྦྲེལ་མཐུད་བྱས་པ་བརྒྱུད་དབན་ཞང་ཀུང་སིས“ཕྱིར་བསྐྱོད་ནས”མ་རྐང་ནང་ཞུགས་པ་དང་མི་གཞན་གྱི་ལས་བགོས་དང་ལེན་བྱེད་པ་དེ“ནང་དུ་གདན་དྲངས་ནས”མ་རྐང་ཚོད་འཛིན་བྱེད་པ་དང་ལས་བགོས་ནང་ཞུགས་པ་དང་འབྲེལ་གཙོ་ཁྲིད་བྱེད་པར་རིམ་བཞིན་འགྱུར་ལྡོག་ཕྱིན་ཡོད་པ་རེད། ལོ་བཅུ་ཕྲག་ཁ་ཤས་རིང་ཕྱི་རྒྱལ་དུ་འགྲན་རྩོད་དང་འབད་བརྩོན་བྱས་པས་དབན་ཞང་ཀུང་སི་དེ་དོན་སྙིང་ངོ་མ་ལྡན་པའི་གོ་ལ་ཧྲིལ་པོའི་རང་བཞིན་གྱི་ཀུང་སི་ཞིག་ཏུ་འཕེལ་རྒྱས་ཕྱིན་ཡོད་པ་རེད།
         སྒྱུར་བཅོས་སྒོ་དབྱེའི་ཐོག་མའི་དུས་སུ་ཀྲུང་ཨ་ཕྱོགས་གཉིས་ཀྱི་མ་འཇོག་དེ་ཨ་རི་ནས་ཀྲུང་གོར་སྐྱོད་པའི་ལམ་ཐིག་རྐྱང་མས་གཙོ་བོར་བྱེད་ཀྱི་ཡོད། འོན་ཀྱང་ཀྲུང་གོས་སྒྱུར་བཅོས་ལ་བརྟེན་ནས་སྒོ་དབྱེ་ཆེར་གཏོང་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ་དང་ཆབས་ཅིག་ཕྱོགས་གཉིས་པོའི་མ་འཇོག་དེ་ཕྱོགས་གཉིས་སུ་རྒྱུག་པའི་མྱུར་ཚད་མཐོ་བའི་ལམ་བུར་འགྱུར་ཡོད་པ་རེད། ཉེ་བའི་ལོ་ཤས་རིང་ཀྲུང་གོའི་ཁེ་ལས་ཀྱིས་ཨ་རིར་ཐད་ཀར་མ་འཇོག་བྱེད་ཚད་དེ་མགྱོགས་མྱུར་འཕར་བའི་རྣམ་པ་མངོན་པ་དང་2016ལོར་ཟིན་ཐོ་གསར་པ་བཏོད་ནས་ཨ་སྒོར་དུང་ཕྱུར་460ཟིན་ཏེ་ཨ་རིས་ཀྲུང་གོར་ཐད་ཀར་མ་འཇོག་བྱེད་ཚད་ཀྱང་བརྟན་པོའི་ངང་ལོ་རེར་ཆ་སྙོམས་ཨ་སྒོར་དུང་ཕྱུར་130ཙམ་ལ་གནས་ཡོད་པ་རེད།
         སྒྱུར་བཅོས་སྒོ་དབྱེས་ཀྲུང་གོ་དང་འཛམ་གླིང་ལ་ཕྱོགས་གཉིས་མཉམ་འགུལ་དང་གཉིས་ཕན་མཉམ་གནས་ཀྱི་འཕེལ་རྒྱས་ཀྱི་ལམ་བུ་ཤར་གཏོང་ཐུབ་པ་བྱས་ཡོད། གོ་ལ་ཧྲིལ་པོ་ཅན་གྱི་འཕེལ་ཕྱོགས་ཡག་པོ་དང་། ནུས་ཆེ། ཁེ་ཕན་ཆེན་པོ་བཅས་ཀྱི་སྐྱོན་བྲལ་བགྲོད་ལམ་ཐོག་བསྐྱོད་རྒྱུར་རམ་འདེགས་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།