འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་ཞིང་ཆེན་རིམ་པའི་སྲིད་གཞུང་གིས་སློབ་གསོའི་འགན་འཁྲི་སྒྲུབ་ཚུལ་ལ་
    ཐོག་མའི་གདེང་འཇོག་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་28ཉིན། 10:16】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་26ཉིན། གསར་འགོད་པར་རྒྱལ་སྲིད་སྤྱི་ཁྱབ་ཁང་སློབ་གསོ་ལྟ་སྐུལ་མཛུབ་ཁྲིད་ཨུ་ལྷན་གཞུང་དོན་ཁང་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཉེ་དུས་རྒྱལ་སྲིད་སྤྱི་ཁྱབ་ཁང་སློབ་གསོ་ལྟ་སྐུལ་མཛུབ་ཁྲིད་ཨུ་ལྷན་གྱིས་ས་གནས་ཁག་ལ་དཔྱད་བཤེར་ཚོགས་ཆུང་32བཏང་ནས་ཞིང་ཆེན(རང་སྐྱོང་ལྗོངས་དང་། གྲོང་ཁྱེར)31གི་ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱིས་སློབ་གསོའི་འགན་འཁྲི་སྒྲུབ་ཚུལ་ལ་ས་གནས་ས་ཐོག་གི་དཔྱད་བཤེར་བྱས་པ་རེད།
             ད་རེས་ཀྱི་ས་གནས་ས་ཐོག་གི་དཔྱད་བཤེར་ནི་ས་གནས་ཀྱི་རང་བཤེར་དང་། རིགས་གཅིག་མཁས་ཅན་གྱི་དྲ་ཐོག་ཚོད་སྐོར། ཕྱོགས་གསུམ་པའི་ལྟ་སྐུལ་ཚད་ལེན་དང་བློ་ཡིད་ཚིམས་ཚད་བརྟག་དཔྱད་སོགས་མང་པོ་ཞིག་གི་ཐོག་ནས་ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གིས་སློབ་གསོའི་འགན་འཁྲི་སྒྲུབ་ཚུལ་ལ་གདེང་འཇོག་བྱེད་པའི་ལས་དོན་གྱི་ལྷུ་ཚིགས་གལ་ཆེན་ཞིག་རེད། དེ་ནི་ཀྲུང་གོ་གསར་པ་དབུ་བརྙེས་པ་ནས་བཟུང་རང་རྒྱལ་གྱིས་ཞིང་ཆེན་རིམ་པའི་སྲིད་གཞུང་གི་སློབ་གསོའི་འགན་འཁྲི་སྒྲུབ་ཚུལ་ལ་གདེང་འཇོག་བྱེད་ཐེངས་ཐོག་མ་དེ་རེད།
            ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་དཔྱད་བཤེར་བྱེད་པའི་ནང་དོན་གཙོ་བོ་ནི་ཏང་གི་སློབ་གསོའི་བྱེད་ཕྱོགས་ལག་བསྟར་དོན་འཁྱོལ་བྱེད་ཚུལ་སྐོར་ཡིན་ཞིང་། དེའང་སློབ་གསོའི་བཅའ་ཁྲིམས་དང་། ཁྲིམས་སྲོལ། གཏན་འབེབས། སྲིད་ཇུས་བཅས་ཀྱི་གནས་ཚུལ་དོན་འཁྱོལ་བྱས་ཚུལ་དང་། རིམ་པ་ཁག་དང་རིགས་སྣ་ཚོགས་ཀྱི་སློབ་གསོ་འཕེལ་རྒྱས་འགྲོ་ཚུལ། སྤྱི་འདོམས་ངང་སློབ་གསོའི་ལས་དོན་ལ་སྐུལ་འདེད་བཏང་ཚུལ། སློབ་གསོ་འགན་ལེན་ལ་ཤུགས་སྣོན་བརྒྱབ་ཚུལ། སློབ་གྲྭའི་སློབ་གཉེར་གྱི་བྱ་སྤྱོད་ཚད་ལྡན་དུ་བཏང་ཚུལ་བཅས་ཕྱོགས་དྲུག་གི་ནང་དོན་དང་། ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་ཀྱི་ནང་དོན་38 ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་བྱ་ཡུལ་92བཅས་ཡིན་པ་རེད། དཔྱད་བཤེར་བྱ་རྒྱུ་དེ་སྲིད་གཞུང་གི་ངོ་འཕྲད་ཚོགས་འདུ་འཚོག་པ་དང་། ཡིག་ཚགས་དཔྱད་ཡིག་ལྟ་བསྡུར། རིམ་པ་དེ་མཚུངས་ཀྱི་ཞིང་ཆེན་རིམ་པའི་འགན་འཁུར་སྡེ་ཚན་ལ་དཔྱད་བཤེར། འབྲེལ་ཡོད་གྲོང་ཁྱེར་དང་རྫོང་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་དང་སློབ་གྲྭར་འཐེན་བཤེར། བབ་བསྟུན་ངང་བཅར་འདྲི་བྱེད་པ་སོགས་ཀྱི་རྣམ་པར་བརྟེན་ནས་ལས་དོན་སྤེལ་རྒྱུ་དང་། དཔྱད་བཤེར་བྱེད་རིང་སྲིད་གཞུང་ལ་ལྟ་སྐུལ་བྱེད་པ་མ་ཟད། སློབ་གྲྭར་ཡང་ཞིབ་བཤེར་བྱ་རྒྱུ་ཡིན་ལ་གནད་དོན་འཚོལ་བ་དང་ཉམས་མྱོང་དཔེ་མཚོན་ཡང་རྩད་འཚོལ་བྱ་རྒྱུ་རེད།
            དཔྱད་བཤེར་བྱས་པའི་རྗེས་ད་རེས་ལས་དོན་གྱི་ལྷུ་ཚིགས་ཚང་མའི་གདེང་འཇོག་བྱས་འབྲས་ལ་ཕྱོགས་སྡོམ་བྱས་ནས་ཞིང་ཆེན(རང་སྐྱོང་ལྗོངས་དང་། གྲོང་ཁྱེར)དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱིས་སློབ་གསོའི་འགན་འཁྲི་བསྒྲུབས་ཚུལ་ལ་སྤྱི་ཡོངས་ནས་གདེང་འཇོག་བྱས་ཏེ་རྒྱལ་ཁབ་ཀྱི་ལོ་འཁོར་གདེང་འཇོག་གི་སྤྱིའི་སྙན་ཞུ་དང་བྱེ་བྲག་ཏུ་ཞིང་ཆེན་གྱི་སྙན་ཞུ་ཞིག་གྲུབ་པ་བྱས་ནས། ལྷག་པའི་གནད་དོན་ལ་དམིགས་ཏེ་ས་གནས་ཀྱིས་དུག་བཀག་ནང་བཅོས་སྒྲིག་བྱེད་དགོས་པའི་སྐུལ་མ་གཏོང་བ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་སློབ་གསོ་ལྟ་སྐུལ་མཛུབ་ཁྲིད་ཨུ་ལྷན་གཞུང་དོན་ཁང་གིས“ཕྱིར་མིག་ལྟ་བ”དང་བབ་བསྟུན་ངང་བསྐྱར་ཞིབ་བྱེད་པའི་ལས་དོན་སྤེལ་ཏེ་གདེང་འཇོག་ལ་བརྟེན་ནས་ལས་དོན་བསྒྲུབ་རྒྱུར་སྐུལ་འདེད་དང་གདེང་འཇོག་ལ་བརྟེན་ནས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་དམིགས་ཡུལ་བསྒྲུབ་རྒྱུ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།