འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ནང་སོག་གིས"དམངས་འཚོའི་ཚོང་འདུས"གཉེར་ནས་མང་ཚོགས་ལ་ཁ་ཚ་དགོས་གཏུག་གི་རོགས་རམ་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་24ཉིན། 15:42】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། རྨོད་འདེབས་རྗེས་སུ་ནང་སོག་གི་ཨེར་ཏུའོ་སི་གྲོང་ཁྱེར་ཧང་ཅིན་ཆི་ཏུའུ་ཀུའེ་ཐ་ལ་གྲོང་རྡལ་མང་ཧ་ཐུའུ་གྲོང་ཚོའི་ཞིང་པ་ཀྲང་ཧྭ་ལ་ལག་དངུལ་ཁ་ཐང་བའི་རྐྱེན་གྱིས་རྫས་ལུད་ཉོ་ཐབས་བྲལ་ནས་རང་ཁྱིམ་གྱི་ས་ཞིང་ཐོག་བཏབ་པའི་མ་རྨོས་ལོ་ཏོག་གི་མྱུ་གུར་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད། སྐབས་དེར“དམངས་འཚོའི་ཚོང་འདུས”གཉེར་རྒྱུ་ཡིན་པ་དང་ཞིང་སྐྱོར་ཞིང་ཕན་གྱི་དངུལ་བུན་ཁྱིམ་གྱི་སྒོ་འགྲམ་ནས་གཡར་ཐུབ་པའི་གནས་ཚུལ་གོ་ཐོས་བྱུང་འཕྲལ་ཀྲང་ཧྭ་སེམས་པ་ལྷོད་པོར་གྱུར།
            ཚེས་8ཉིན། “དམངས་འཚོའི་ཚོང་འདུས”དུས་བཀག་ལྟར་མང་ཧ་ཐུའུ་གྲོང་ཚོར་གཉེར་ཡོད། མ་གཞི་ཞིང་བྲེལ་གྱི་དུས་ཚིགས་ཡིན་ཡང་དོན་དག་སྒྲུབ་པར་ཡོང་མཁན་རྒྱུན་ཆད་རྒྱུ་མེད། ཀྲང་ཧྭ་ཡིས་ཧང་ཅིན་ཆི་ཏ་ཀྲུང་གྲོང་རྡལ་དངུལ་ཁང་གི་ལས་དོན་ས་ཚིགས་ནས་ཞིང་སྐྱོར་ཞིང་ཕན་གྱི་དངུལ་བུན་སྒོར་ཁྲི་5གང་མགྱོགས་རེ་ཞུ་ཐུབ་ནས་རྫས་ལུད་ཉོ་སྒྲུབ་དང་ཞིང་ལས་ཐོན་སྐྱེད་ཐད་མཁོ་བའི་ཐོན་སྐྱེད་རྒྱུན་འཁོར་མ་དངུལ་གྱི་དཀའ་ངལ་འཕྲལ་དུ་ཐག་གཅོད་ཐུབ་ཡོད་པ་རེད།
           “གལ་སྲིད་མང་ཚོགས་ལ་དགོས་མཁོ་ཡོད་ཚེ‘དམངས་འཚོའི་ཚོང་འདུས’ཀྱི་ཆ་ཤས་ཤིག་ཡིན་པའི་གྲོང་རྡལ་དངུལ་ཁང་དེ་མེད་པ་ཡོང་མི་སྲིད”ཧང་ཅིན་ཆི་ཏ་ཀྲུང་གྲོང་རྡལ་དངུལ་ཁང་ཏུའུ་ཀུའེ་ཐ་ལ་ཉིང་ལག་དངུལ་ཁང་གི་ཧང་ཀྲང་ལི་ལེང་ཅུན་གྱིས་གྲོང་རྡལ་དངུལ་ཁང་གི་ལས་དོན་མི་སྣས“དམངས་འཚོའི་ཚོང་འདུས”ཐོག་མང་ཚོགས་ལ་གཅིག་འཐུས་རྣམ་པའི་ཞབས་ཞུ་མཁོ་འདོན་བྱས་པ་དེས་མང་ཚོགས་ལ་སྟབས་བདེ་བསྐྲུན་པ་མ་ཟད། དངུལ་ཁང་གིས་དངུལ་བུན་གཡར་མཁན་ཁྱིམ་ཚང་གི་གཞི་རྩའི་གནས་ཚུལ་གསལ་པོར་རྟོགས་རྒྱུར་ཕན་ཐོགས་ཀྱང་ཡོད། དེར་བརྟེན་ཚན་རིག་དང་མཐུན་པའི་སྒོ་ནས་དངུལ་བུན་གྱི་གྲངས་འབོར་མཐུན་འགྲིག་བྱེད་ཀྱི་ཡོད་ཅེས་བཤད།
            དུས་ཡུན་རིང་པོའི་ནང་། ཧང་ཅིན་ཆི་ཏུའུ་ཀུའེ་ཐ་ལ་གྲོང་རྡལ་ས་རྒྱ་ཆེ་བ་དང་། སྡོད་གནས་ཁ་ཐོར་ཡིན་པ། སྤྱི་པའི་ཞབས་ཞུའི་ས་ཁྱོན་ཆེ་བ། མ་གནས་ཅུང་མཐོ་བ་བཅས་ཡིན་པ་དེས་ཐག་རིང་ལུང་ཁུག་ས་ཁུལ་གྱི་ཞིང་འབྲོག་པ་རྣམས་གྲོང་རྡལ་དུ་དོན་དག་སྒྲུབ་པར་ཡོང་བདེ་པོ་མེད་པ་མ་ཟད། ཐག་རིང་ཤོས་ལ་ཕར་འགྲོ་ཚུར་འོང་ཐེངས་གཅིག་བྱས་ན་སྤྱི་ལེ་བརྒྱ་ཙམ་སྐྱོད་དགོས་ཀྱི་ཡོད།
           2014ལོ་ནས་བཟུང་། ཏུའུ་ཀུའེ་ཐ་ལ་གྲོང་རྡལ་གྱིས་མང་ཚོགས་ཀྱིས་དོན་དག་སྒྲུབ་དཀའ་བའི་གནད་དོན་ཐག་གཅོད་བྱ་ཆེད། “དམངས་འཚོའི་ཚོང་འདུས”ཀྱི་མང་ཚོགས་ལ་ཞབས་འདེགས་ཞུ་སྟངས་གསར་པ་བཏོན་ནས། ཆི་དང་གྲོང་རྡལ་གྱི་འབྲོག་ལས་དང་འབྲེལ་བ་ཡོད་པའི་ལས་སྒོ་སྡེ་ཚན་དང་གཅིག་འདོམས་མཐུན་སྦྱོར་བྱས་ཏེ་དུས་ཚོད་དང་གནས་གཏན་འཁེལ་གྱི་སྒོ་ནས་གྲོང་སྡེར་བསྐྱོད་དེ་མང་ཚོགས་ལ་གཅིག་འཐུས་རྣམ་པའི་སྟབས་བདེའི་ཞབས་ཞུ་མཁོ་འདོན་བྱས་ཡོད་པ་རེད། “རྗེས་སྙེག་ཚོང་འདུས”ཀྱི་དམངས་སྲོལ་རིག་གནས་ཀྱི་ཁྱད་ཆོས་ལྡན་པའི་བྱེད་སྟངས་བརྒྱུད“མང་ཚོགས་ཀྱིས་ང་བཙལ་ནས་དོན་དག་སྒྲུབ་པ”ནས“ངས་མང་ཚོགས་བཙལ་ཏེ་དོན་དག་སྒྲུབ་པའི”བར་འགྱུར་ལྡོག་ཕྱིན་ནས། མང་ཚོགས་ཀྱི་གནད་དོན་ཐག་གཅོད་ཐུབ་པ་དང་། མང་ཚོགས་ཀྱི་སེམས་ཕྲལ་བསལ་བ། ཐག་ཉེ་ས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་ཐུབ་པ་བཅས་བྱུང་ཡོད།
           ཉིན་དེར་གསར་འགོད་པས“དམངས་འཚོའི་ཚོང་འདུས”གཉེར་ཡུལ་ནས་སྤྱི་བདེ་དང་། དམངས་སྲིད། ཞིང་འབྲོག སྨན་བཅོས། དངུལ་རྩ་སོགས་སྡེ་ཚན་15ནས་ཡོང་བའི་ལས་དོན་མི་སྣས་གྲོང་གསེབ་ཐང་ཆེན་གྱི་མདུན་དུ་ལས་སྒྲུབ་ལས་སྟེགས་བསྐྲུན་ནས་མང་ཚོགས་ཚོར་སྲིད་ཇུས་སྒྲོག་འགྲེལ་དང་། ཞིང་སྐྱོར་དངུལ་བུན། བདེ་ཐང་གི་འོས་འགན་སྨན་བཅོས། རིག་གནས་གཤམ་སྤེལ་སོགས་ཞབས་ཞུའི་རྣམ་གྲངས་མཁོ་འདོན་བྱེད་ཀྱི་ཡོད་པ་དང་། ལས་སྒྲུབ་ལས་སྟེགས་ཚང་མའི་མདུན་དུ་དོན་དག་སྒྲུབ་པར་ཡོང་མཁན་གྲོང་མིས་མཐའ་སྐོར་ནས་ཡོད་པ་མཐོང་བྱུང་།
          ཏུའུ་ཀུའེ་ཐ་ལ་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཝང་ཧྥེ་ཅུན་གྱིས“དམངས་འཚོའི་ཚོང་འདུས”ཀྱི་བྱེད་སྒོ་སྤེལ་བ་བརྒྱུད་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བརྩེ་དུང་ཐད་ནས་མང་ཚོགས་དང་ཉེ་བཅར་ཐུབ་པས“འཁྱག་དུས་གོས་དང་ལྟོགས་དུས་ཟས་སྐྱེལ་བའི”དྲོ་སྐྱིད་ཞབས་ཞུར་མང་ཚོགས་ཚོའི་བསྔགས་བརྗོད་ཟབ་མོ་ཐོབ་ཡོད་ཅེས་བཤད།
           ཤེས་རྟོགས་བྱུང་བར་གཞིགས་ན། ས་གནས་དེ་གའི་དམངས་འཚོའི་ཚོང་འདུས་གཉེར་བ་ནས་བཟུང་། རིམ་རྩིས་བརྒྱབ་ན་ཚོང་འདུས་བྱེད་སྒོ་ཐེངས་བརྒྱ་ཙམ་གཉེར་ནས་འགལ་ཟླ་དང་རྩོད་གཞི་ཁག་472འདུམ་འགྲིག་བྱས་པ་དང་། མི་9451ལ་གཟུགས་པོར་བརྟག་དཔྱད་བྱས་པ། ཞིང་སྐྱོར་ཞིང་ཕན་གྱི་དངུལ་བུན་སྒོར་དུང་ཕྱུར་4.82གཡར་བ། རིམ་རྩིས་བརྒྱབ་ན་མང་ཚོགས་ལ་དཀའ་གནད་དངོས་ཁྲི་2ལྷག་ཙམ་ཐག་གཅོད་བྱས་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།