འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཚེ་གང་ལས་ཀ་ཞིག་ལྷག་བསམ་རྣམ་དག་ངང་བསྒྲུབས། 

    —— ས་མཐོའི་ལྕགས་ལམ་གྱི“འཚོལ་ཞིབ་པ”ལིའུ་ཀྲེང་ཕིང་གི་སྐོར་བཀོད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་24ཉིན། 15:33】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།ཚེ་གང་ལས་ཀ་ཞིག་ལྷག་བསམ་རྣམ་དག་ངང་བསྒྲུབས།
           མི་དམངས་དྲ་བའི་འཕྲིན། ལིའུ་ཀྲེང་ཕིང་ད་ལོ་ལོ་47ལ་སླེབས་པ་དང་། 1993ལོར་ཤིས་ཨན་ཚན་རྩལ་སློབ་ཆེན་ནས་ཐོན་རྗེས་ལན་ཀྲོའུ་རུ་ལས་ཀ་བྱས་ནས་ཀྲུང་གོ་ལྕགས་ལམ་རྩད་ཞིབ་ཇུས་འགོད་ཁང་དང་པོ་ཚོགས་པ་ཚད་ཡོད་ཀུང་སིའི་ཚན་ཞིབ་མི་སྣ་ཞིག་ཏུ་གྱུར་ཅིང་། དུས་དེ་ནས་བཟུང་ལྕགས་ལམ་དང་ལས་འཕྲོའི་མདུད་པ་ཐེབས།
           མཚོ་བོད་ལྕགས་ལམ་ནི་དུས་རབས་གསར་པའི་རྒྱལ་ཁབ་ཀྱི་གཙོ་གནད་ལས་གྲྭ་ཞིག་ཡིན། 2000ལོར་ལིའུ་ཀྲེང་ཕིང་ས་མཐོར་བསྐྱོད་ནས་མཚོ་བོད་ལྕགས་ལམ་གྱི“འཚོལ་ཞིབ་པར”གྱུར།
           མཚོ་བོད་ལྕགས་ལམ་འཛུགས་སྐྲུན་ལ་འཕྲད་པའི་ལག་རྩལ་གྱི་དཀའ་གནད་ཆེ་ཤོས་ནི་ས་མཐོའི་འཁྱགས་ས་རེད།
           2000ལོ་དང་2001ལོར་ལིའུ་ཀྲེང་ཕིང་དང་ལས་རོགས་ཚོས་གངས་འཁྱག་དང་། གཙང་པོ། བྱེ་སེར་བཅས་བརྒལ་ཏེ་འཁྱགས་སའི་གྲངས་གཞི་ཡང་དག་ཐོབ་པར་གཞོལ་བ་རེད།
            “དཀའ་སྡུག་ཆེ་ཤོས་ནི་སྨིག་པ་ལ་སྒང་གི་དམག་ཚིགས་སུ་མཚན་བསྐྱལ་བ་དེ་ཡིན། ནམ་ཕྱེད་ལ་རྟག་ཏུ་གྲང་ངར་དང་གསོ་རླུང་མི་འདང་བའི་དབང་གིས་གཉིད་སད་ཀྱི་འདུག མཚན་བསྟུད་མར་གཉིད་མ་ཁུགས་པས་མཚམས་རེར་དངོས་གནས་རྒྱུན་འཁྱོངས་བྱེད་ཐུབ་ཨ་ཡོང་སྙམ་གི་འདུག འོན་ཀྱང་འཁྱགས་ས་ཞིབ་འཇུག་དེ་མཚོ་བོད་ལྕགས་ལམ་གྱི་འཛུགས་སྐྲུན་དང་འབྲེལ་བ་ཡོད་པར་བསམས་ནས་ཁྱད་བསད་བྱས་མཐར་མཐའ་འཁྱོངས་བྱེད་ཐུབ་བྱུང་།”ཞེས་ལིའུ་ཀྲེང་ཕིང་གིས་ཕྱིར་དྲན་བྱེད་བཞིན་བཤད།
            ལིའུ་ཀྲེང་ཕིང་དང་ཁོང་གི་ཚོགས་པས་དཀའ་ཚེགས་ཆེ་བའི་ཡུལ་དངོས་སུ་བརྟག་དཔྱད་བྱས་པ་བརྒྱུད་གྲངས་གཞི་ཁྲི་12རག་པ་དང་མཚོ་བོད་ས་མཐོའི་ལྕགས་ལམ་རྒྱུད་ཀྱི་འཁྱགས་ས་ཁུལ་གྱི་ས་དྲོད་ལྟ་དཔྱད་ཁུང་བུ་800ལྷག་གི་ཚད་ལེན་ལས་དོན་བསྒྲུབས་ཁར་རྒྱལ་ནང་གི་1:200000གྱི་བསྡུར་ཚད་ཆེན་པོའི་《མཚོ་བོད་ལྕགས་ལམ་གྱི་འཁྱགས་སའི་ས་དྲོད་ཁྱབ་ཁུལ་རི་མོ་》ཐོག་མ་བཟོས་པ་མ་ཟད། འཛམ་གླིང་སྔོན་ཐོན་གྱི་འཁྱག་ས་ཕྱོགས་བསྡུས་རྩད་ཞིབ་ལག་རྩལ་ཡང་གསར་དུ་བཏོད་ནས་གྲུབ་པ་རེད།
            2008ལོར་མཚོ་བོད་ལྕགས་ལམ་འཛུགས་སྐྲུན་བྱེད་རིང“ལོ་མང་གི་འཁྱགས་སའི་ལག་རྩལ་ཐག་གཅོད་བྱེད་ཐབས”ཀྱི་ཞིབ་འཇུག་གྲུབ་འབྲས་ལ་བརྟེན་ནས་ལིའུ་ཀྲེང་ཕིང་ལ“རྒྱལ་ཁབ་ཚན་རྩལ་ཡར་ཐོན་དམིགས་བསལ་བྱ་དགའ”ཐོབ་པ་རེད།
            འབད་བརྩོན་ལ་རྫོགས་མཐའ་མེད། མཚོ་བོད་ལྕགས་ལམ་བསྐྲུན་ནས་མེ་འཁོར་ཤར་གཏོང་ཐུབ་རྗེས། དེའི་སྣུར་སྲིང་དུམ་བུ་ལྷ་གཞིས་ལྕགས་ལམ་གྱི་རྩད་ཞིབ་ཇུས་འགོད་ཀྱི་དུམ་མཚམས་སུ་སླེབས་པ་དང་། ལིའུ་ཀྲེང་ཕིང་གིས་མུ་མཐུད་ས་མཐོའི་ལྕགས་ལམ་ཆེད“འཚོལ་ཞིབ” བྱས་པ་རེད།
             ལྷ་གཞིས་ལྕགས་ལམ་ནི་རང་རྒྱལ་དུ་མིག་སྔར་ས་འོག་ཚ་ནུས་ཁུལ་བརྒལ་རིང་ཤོས་དང་ས་འོག་ཚ་ནུས་ཁུལ་གྱི་དྲོད་ཚད་མཐོ་ཤོས་ཀྱི་ལྕགས་ལམ་ཞིག་རེད། ལྕགས་ལམ་དེ་ས་འོག་ཚ་ནུས་ས་ཆ་བརྒྱུད་ཚད་སྤྱི་ལེ་47ཟིན་པ་དང་། ཆུ་ཚན་གྱི་དྲོད་ཚད་མཐོ་ཤོས་88℃ཟིན་གྱི་ཡོད།
            མཚོ་བོད་ས་མཐོར་ལས་ཀ་བྱས་པའི་ལོ་18རིང་། ལིའུ་ཀྲེང་ཕིང་གིས་བསྐྱོད་པའི་ལམ་ཐག་སྤྱི་ལེ་ཁྲི་11ལྷག་ཙམ་ཟིན་པ་དང་། རང་ཉིད་ཀྱི་དཀའ་སྤྱད་ཀྱི་རྐང་རྗེས་བརྟན་པོ་ལས་འཁྱགས་སའི་གྲངས་གཞི་རྩ་ཆེན་ཐོབ་ནས་ས་མཐོའི་ལྕགས་ལམ་མུ་མཐུད་བསྐྲུན་ཐུབ་པར་བྱས་ཡོད།
            ཚེ་གང་ལས་གཅིག་མཐའ་འཁྱོལ་བར་བསྒྲུབས། ད་ལོའི་ལོ་སྟོད་དུ་ལིའུ་ཀྲེང་ཕིང་ལ“བོད་ཡུལ་གྱི་བཟོ་བོ”ཞེས་པའི་གཟི་བརྗིད་མཚན་སྙན་ཐོབ་པ་དང་། ཁོང་གིས“མི་ཚེ་གཅིག་ལ་ལས་ཀ་གཅིག་ཡག་པོ་སྒྲུབ་ཐུབ་ནའང་འགྲིག”ཅེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།