འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།སྐར་མཁའ་ས་གསུམ་གཞི་གཅིག་ཅན་གྱི་སྣོད་བཅུད་ལྟ་ཞིབ་ཚད་ལེན་གྲངས་གཞིའི་ལས་སྟེགས་
    ཀྱིས་གཙང་གསུམ་ཆུ་འགོར་སྲུང་སྐྱོང་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་24ཉིན། 15:08】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
             མི་དམངས་དྲ་བའི་འཕྲིན། ཉེ་ཆར་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གིས་ཚན་རྩལ་གྱི་ཆེད་དོན་རྣམ་གྲངས་གལ་ཆེན་ལག་ལེན་བསྟར་ཏེ་རགས་ཙམ་བསྐྲུན་ཟིན་པའི་སྣོད་བཅུད་ཀྱི་ལྟ་ཞིབ་ཚད་ལེན་གྱི་སྔོན་བརྡ་གཏོང་བའི་མ་ལག་ལ་གཞི་ཚུགས་ནས་སྐར་མཁའ་ས་གསུམ་གཞི་གཅིག་ཅན་གྱི་སྣོད་བཅུད་ལྟ་ཞིབ་ཚད་ལེན་གྱི་གྲངས་གཞིའི་ལས་སྟེགས་བསྐྲུན་ཏེ་རྒྱལ་ཁབ་སྤྱི་གླིང་གི་དོ་དམ་དང་སྣོད་བཅུད་བདེ་འཇགས་ཐབས་ཇུས་ལ་གྲངས་ཚད་ཅན་དང་ཞིབ་ཚད་མཐོ་བའི་བར་མཐོངས་ཀྱི་ཆ་འཕྲིན་རྒྱབ་སྐྱོར་དང་གནད་སྨིན་ཅན་གྱི་ཞབས་ཞུ་བསྒྲུབས་ནས་ས་ཁོངས་ནང་གི་སྣོད་བཅུད་ཀྱི་རྒྱུ་རྐྱེན་གཙོ་བོ་རྒྱུན་མཐུད་འཕེལ་རྒྱས་ཡག་པོ་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
              མཚོ་སྔོན་ཞིང་ཆེན་ལྷོ་རྒྱུད་ཀྱི་གཙང་གསུམ་ཆུ་འགོའི་ས་ཁུལ་ནི་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་འབྱུང་ཁུངས་ཡིན་ལ། ཨེ་ཤེ་ཡའི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཡང་ཡིན། 2005ལོ་ནས་བཟུང་རྒྱལ་ཁབ་ཀྱིས་གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྱོང་གི་དུས་ཐེངས་དང་པོ་དང་གཉིས་པའི་ལས་གྲྭ་ལག་ལེན་བསྟར་འགོ་བཙུགས་པ་དང་། ཚན་རྩལ་དང་དམངས་འཚོའི་རྣམ་གྲངས་གལ་ཆེན་རབ་དང་རིམ་པ་ལག་ལེན་བསྟར་བ་དེས་ས་ཁུལ་དེ་གའི་སྣོད་བཅུད་ཉམས་ཞན་དུ་འགྲོ་བའི་སྣང་ཚུལ་བཀག་འགོག་ནུས་ལྡན་ཐུབ་ཡོད། 2016ལོའི་ཟླ་4པར་གཙང་གསུམ་ཆུ་འགོར་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་གྱི་ཚོད་ལྟ་བྱ་ཡུལ་ཐོག་མ་དེ་བཙུགས་པ་རེད།
              ཀྲུང་གོ་ཚན་རིག་ཁང་ཁྲེང་ཏུའུ་སྐྱེ་དངོས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཀྲའོ་ཤིན་ཆོན་གྱིས་དུས་འགོའི་སྲུང་སྐྱོང་བྱེད་རིང་། གཙང་གསུམ་ཆུ་འགོའི་ཁུལ་དུ་སྣོད་བཅུད་མ་ལག་གི་ཕྱོགས་བསྡུས་ས་ཚིགས་14བཙུགས་པ་དང་། རྩྭ་ར་དང་། འདམ་ར། ནགས་ཚལ། ཐང་རྒོད། ཆུ་དཔྱད། གནམ་གཤིས། ཁོར་ཡུག་སྤུས་ཚད་བཅས་ཀྱི་ལྟ་ཞིབ་ཚད་ལེན་ས་ཚིགས་527བཙུགས་ཏེ་ཆེད་ལས་མང་པོ་མཉམ་འདྲེས་དང་། ས་ཚིགས་དབར་ལེགས་ཆ་གསབ་རེས། ས་ངོས་དང་རྒྱང་ཚོར་གྱི་ལྟ་ཞིབ་ཚད་ལེན་ཟུང་འབྲེལ། བཅའ་སྡོད་ལྟ་ཞིབ་ཚད་ལེན་དང་སྐོར་སྐྱོད་ལྟ་ཞིབ་ཚད་ལེན་ཟུང་འབྲེལ་གྱི་གནས། རྒྱུད། ཁྱོན་བཅས་གཞི་གཅིག་ཅན་གྱི་སྣོད་བཅུད་ལྟ་ཞིབ་ཚད་ལེན་ས་ཚིགས་ཀྱི་དྲ་རྒྱའི་མ་ལག་ཅིག་སྤྱིའི་ཆ་ནས་གྲུབ་ཡོད། འོན་ཀྱང་གཙང་གསུམ་ཆུ་འགོའི་ཁུལ་གྱི་སྣོད་བཅུད་མ་ལག་རྙོག་འཛིང་ཤིན་ཏུ་ཆེ་བས། ད་བར་དཔེ་མཚོན་གྱི་སྣོད་བཅུད་མ་ལག་གི་ལྟ་ཞིབ་ཚད་ལེན་ཁྱོན་ཡོངས་ལ་ཁྱབ་ཐུབ་མེད་པ་དང་། གྲངས་གཞི་མཉམ་སྤྱོད་དང་གནད་འཕིགས་ཇུས་འདོན་ལ་སྔར་བཞིན་དཀའ་གནད་མང་པོ་འཕྲད་བཞིན་ཡོད་པ་རེད།
              དེས་ན་མཚོ་སྔོན་ཞིང་ཆེན་གྱིས་ཚན་རྩལ་གྱི་ཆེད་དོན་རྣམ་གྲངས་གལ་ཆེན་ལག་ལེན་བསྟར་ནས་ཀྲུང་གོ་ཚན་རིག་ཁང་ནུབ་བྱང་ས་མཐོའི་སྐྱེ་དངོས་ཞིབ་འཇུག་སུའོ་སོགས་གཙོ་གནད་ཚན་ཞིབ་ཚན་པ་7ལ་སྐར་མཁའ་ས་གསུམ་གཞི་གཅིག་ཅན་གྱི་སྣོད་བཅུད་ལྟ་ཞིབ་ཚད་ལེན་གྲངས་གཞིའི་ལས་སྟེགས་འཛུགས་སྐྱོང་གི་རྣམ་གྲངས་ལེགས་གྲུབ་ཡོང་བར་རྒྱབ་སྐྱོར་བྱས་པ་དང་། ལོ་གཉིས་ཀྱི་དུས་ཚོད་ནང་ལྟ་ཞིབ་ཚད་ལེན་གྱི་ལས་སྟེགས་འཛུཌ་སྐྲུན་དང་། སྣེ་ཁ་མང་ཞིང་གྲུབ་ཆ་མི་འདྲ་བའི་གྲངས་གཞི་བསྡུ་རུབ། གྲངས་གཞི་དབྱེ་ཞིབ་ཐག་གཅོད། གྲངས་གཞི་ཆེ་མོ་གསོག་འཇོག གྲངས་གཞི་འགྲེམས་སྟོན་བཅས་ལག་རྩལ་གྱི་འཇུག་གཞིར་བྱས་ཏེ་སྐྱེ་དངོས་སྣ་མང་རང་བཞིན་དང་། འདམ་ར། རྩྭ་ར། ནགས་ཚལ། ཞིང་ས། འཁྱགས་རོམ་དང་འཁྱགས་ས། ཆུ་དཔྱད། རང་བྱུང་གནོད་འཚེ། ཐོན་ཁུངས་དང་ཁོར་ཡུག་གི་ཐེག་ནུས། སྤྱི་ཚོགས་འཕེལ་རྒྱས་སོགས་ལྟ་ཞིབ་ཚད་ལེན་གྱི་ནང་དོན་གཙོ་བོ་དང་དམིཌ་ཚད་མ་ལག་གི་དགོས་མཁོར་དམ་པོར་དམིགས་ཏེ“དགོས་མཁོ་གཞིར་བཟུང་དབྱེ་ཞིབ་དང་། ལག་རྩལ་གསར་སྤེལ། ཐོན་རྫས་གསར་སྤེལ། གཅིག་སྡུད་དཔེ་སྟོན”བཅས་རིམ་བཞིན་ཞིབ་འཇུག་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།