འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ལེའོ་ཉིང་ཞིང་ཆེན་གྱིས་ཕྱོགས་དྲུག་གི་ཐད་ཤུགས་སྣོན་བརྒྱབ་ནས་གྲོང་གསེབ་ཀྱི་མི་སྡོད་
    ཁོར་ཡུག་བཅོས་སྒྲིག་བྱེད་འགོ་ཚུགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་23ཉིན། 13:33】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
             མི་དམངས་དྲ་བའི་འཕྲིན། ཉེ་ཆར་ལེའོ་ཉིང་ཞིང་ཆེན་གྱིས་《ལེའོ་ཉིང་ཞིང་ཆེན་གྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་གི་ལོ་གསུམ་བྱ་སྤྱོད་ལག་བསྟར་ཇུས་གཞིའི(2018ལོ་ནས་2020ལོ་བར)བརྡ་ཐོ་》བཏོན་ཏེ་ས་ཆ་ཁག་ལ་ཡུལ་བབ་དང་བསྟུན་པ་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ཐོག ཕྱོགས་དྲུག་གི་ཐད་ཤུགས་སྣོན་བརྒྱབ་ནས་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཅིང་། ལེའོ་ཉིང་ཞིང་ཆེན་གྱི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་བའི་འགག་སྒྲོལ་དམག་འཐབ་དང་པོའི་རྒྱལ་ཁ་ལེན་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
              《ཇུས་གཞིའི་》ནང་། གཙོ་གནད་ལས་འགན་ཁག་དྲུག་བཏོན་པ་སྟེ། གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་བཅོས་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་པ་དང་། གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་རིགས་དབྱེ་ཉུང་གཏོང་ཚོད་ལྟའི་ཉམས་མྱོང་ཁྱབ་གདལ་བཏང་སྟེ། གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་ཡོད་རིགས་དུད་ཚང(གྲོང་ཚོ)དུ་གཙང་སེལ་ཐུབ་པ་དང་། ཨར་སྐྲུན་གྱི་གད་སྙིགས་དང་ཞིང་ལས་སྐྱེ་དངོས་ཀྱི་གད་སྙིགས་གྲོང་ཚོར་གཙང་སེལ་ཐུབ་པ། བསྐྱར་སྐྱེས་དང་བསྐྱར་དུ་བེད་སྤྱོད་ཐུབ་པའི་གད་སྙིགས་གཅིག་གྱུར་ངང་ཚུར་བསྡུ་བྱེད་པ། དུག་ལྡན་དང་གནོད་ལྡན་གད་སྙིགས་གཅིག་སྡུད་ཐོག་གཙང་སེལ་ཐུབ་པ་བཅས་བྱེད་དགོས་པ་དང་། གྲོང་གསེབ་ཀྱི་གསང་སྤྱོད་སྒྱུར་བཀོད་དང་བཙོག་གཅིན་སྦགས་བཙོག་བཅོས་སྐྱོང་བྱེད་པ་དང་། རྒྱལ་ཁབ་ཀྱིས་བཏོན་པའི་ཞིང་དུད་ཀྱི་གསང་སྤྱོད་ཚད་གཞི་ལོན་པ་བྱ་རྒྱུ་སྔོན་འགྲོའི་ཆ་རྐྱེན་དུ་བྱས་ཏེ། གྲོང་གསེབ་ཀྱི་སྡོད་ཁང་གསར་པར་གནོད་མེད་ཀྱི་གསང་སྤྱོད་རྒྱག་རྒྱུར་སྐུལ་འདེབས་དང་སྣེ་ཁྲིད་བྱེད་པ་དང་། ཕྱུགས་ཟོག་དང་ཁྱིམ་བྱ་གསོ་ཚགས་ལས་རིགས་དར་རྒྱས་ཆེ་བའི་ས་ཁུལ་ལ་ཞིང་དུད་གསང་སྤྱོད་ཀྱི་བཙོག་གཅིན་དང་ཕྱུགས་ཟོག་དང་ཁྱིམ་བྱ་གསོ་ཚགས་ཀྱི་བེད་མེད་དངོས་པོ་གཅིག་གྱུར་ཐོག ཐོན་ཁུངས་ཅན་ངང་བེད་སྤྱོད་བྱ་རྒྱུར་སྐུལ་ལྕག་གཏོང་དགོས་པ། རིམ་པ་བཞིན་གྲོང་གསེབ་ཀྱི་བཙོག་ཆུ་བཅོས་སྐྱོང་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ་གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུའི་མདོང་ལམ་ཉེ་འགྲམ་གྱི་གྲོང་ཚོར་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་འབྲེལ་ཕྱོགས་བསྡུས་བྱེད་ཐབས་སྤྱད་དེ་ཆུའི་སྣོད་བཅུད་སླར་གསོ་ཡོང་བ་བྱས་ནས་གྲོང་གསེབ་ཀྱི་ཆུ་སྙིགས་རིམ་བཞིན་མེད་པར་བཟོ་དགོས།
             དེ་དང་ཆབས་ཅིག གྲོང་ཚོའི་རྣམ་པ་ལེགས་སུ་གཏོང་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ་ས་ཆ་ཁག་གིས་གྲོང་ཚོ་དང་ཚོགས་ཆུང་ཁག་ལ་ཤར་གཏོང་ཐུབ་པའི་འགྲོ་ལམ་དང་གྲོང་ཚོའི་ནང་གི་འགྲོ་ལམ་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་། སྤྱི་པའི་བར་སྟོང་དང་སྒོ་རའི་ཁོར་ཡུག་བཅོས་སྒྲིག་ཤུགས་ཆེན་བྱེད་པ། གྲོང་གསེབ་ཏུ་ཨར་རྒྱག་འཆར་འགོད་བྱེད་པ། གྲོང་ཚོ་ལྗང་འགྱུར་བྱེད་པ། གྲོང་ཚོའི་སྤྱི་པའི་གློག་སྒྲོན་སྒྲིག་བཀོད་ལེགས་སུ་གཏོང་བ་བཅས་བྱེད་དགོས་པ་དང་། གྲོང་ཚོའི་འཆར་འགོད་སྒྲིག་བཟོ་དང་དོ་དམ་ལ་དམ་འཛིན་ཡག་པོ་བྱས་ཏེ“འཆར་མང་གཅིག་སྒྲིལ”ཁྱབ་གདལ་གཏོང་རྒྱུར་སྐུལ་འདེབས་བྱས་ནས་གྲོང་ཚོའི་འཆར་འགོད་དོ་དམ་གཞི་རྩའི་ཆར་ཡོངས་ཁྱབ་ཐུབ་པ་བྱེད་དགོས་པ། འཛུགས་སྐྲུན་དང་བདག་སྐྱོང་ལམ་སྲོལ་འཛུགས་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ་ཡུག་ཁུལ་ལ་གཞིགས་ནས་དབྱེ་འབྱེད་བྱེད་པ་དང་གྲོང་མིས་འགན་གཙང་ལེན་པ་དང་ཚད་གཞི་བཞིན་དངུལ་སྤྲོད་པ་སོགས་ཀྱི་རྣམ་པ་སྣ་ཚོགས་ལག་ལེན་བསྟར་ནས་གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་བཅོས་སྐྱོང་བདག་སྐྱོང་ལམ་སྲོལ་འཛུགས་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས་པ་བཅས་རེད།
            བཀོད་སྒྲིག་གཞིར་བཟུང་། ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལས་དོན་གྱི་སྣེ་ཁྲིད་སྡེ་ཚན་ཡིན་པའི་ལེའོ་ཉིང་ཞིང་ཆེན་སྡོད་ཁང་འཛུགས་སྐྲུན་ཐིང་གིས་ལས་ཀའི་ལས་འགན་དང་། གྲངས་འགྱུར་དམིགས་ཚད། འགན་ལེན་བྱེད་ཐབས་བཅས་རིམ་པ་གསུམ་གྱི་ཐོག་ནས་ལེའོ་ཉིང་ཞིང་ཆེན་གྱི་གྲོང་གསེབ་ཀྱི་མི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་ལག་བསྟར་ཇུས་གཞི་དེ་གཙོ་གནད་ལས་འགན་ཁག་དྲུག་དང་། གྲངས་འགྱུར་དམིགས་ཚད་ཁག་བཅུ། ལས་ཀའི་ནང་དོན་ཞིབ་ཕྲ་ཁག་ལྔ་བཅུ་བཅས་ལ་ཞིབ་ཚགས་སུ་བཏང་བ་དང་འབྲེལ། རེ་རེ་བཞིན་འགན་འཁྲིའི་སྡེ་ཚན་ཁག་ལ་དོན་འཁྱོལ་བྱས་ཡོད། མིག་སྔར་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།