འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་མཁོ་ཆོད་སྨན་པ་གསོ་སྐྱོང་ལ་ཤུགས་སྣོན་བརྒྱབ་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་23ཉིན། 13:52】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
               མི་དམངས་དྲ་བའི་འཕྲིན། གསར་འགོད་པར་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་འཆར་བཙའ་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། མཚོ་སྔོན་ཞིང་ཆེན་གྱིས་ཉིན་ཤས་གོང་མཁོ་ཆོད་སྨན་པ་གསོ་སྐྱོང་དང་བེད་སྤྱོད་སྐོར་གྱི་སྐུལ་ལྕག་ལམ་སྲོལ་སྒྱུར་བཅོས་བྱས་ནས་འཐུས་སྒོ་ཚང་དུ་གཏོང་བའི་ཐད་ལག་བསྟར་ཇུས་གཞི་བཟོས་ཏེ། 2020ལོར་སླེབས་སྐབས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་ཁྲི་རེར་ཚད་ལོན་པའི་མཁོ་ཆོད་སྨན་པ་གཉིས་ནས་གསུམ་བར་ཡོད་པ་བྱ་རྒྱུ་དང་། 2030ལོར་སླེབས་སྐབས། གྲོང་མི་ཁྲི་རེར་ཚད་ལོན་པའི་མཁོ་ཆོད་སྨན་པ་5རེ་ཡོད་པ་རྒྱུ་རེད།
             མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་འཆར་བཙའ་ཨུ་ལྷན་ཚན་སློབ་དང་ཕྱི་ཕྱོགས་འབྲེལ་གཏུག་ཁྲུའུ་ཡི་ཁྲུའུ་ཀྲང་ཝང་ཧུང་གིས། མཚོ་སྔོན་གྱི་སྨན་བཅོས་ཞབས་འདེགས་ཞུ་ཁྱོན་ཧ་ཅང་ཆེ་བ་མ་ཟད་ཞིང་འབྲོག་ཁུལ་གྱི་རྒྱ་ཆེའི་མང་ཚོགས་ཀྱི་སྨན་བཅོས་ཆ་རྐྱེན་ཡག་པོ་མེད། མིག་སྔར་མཚོ་སྔོན་ལ་མཁོ་ཆོད་སྨན་པ་1100ལས་མེད་པ་དང་། གཞི་རིམ་ནད་ཐོག་སྨན་པའི་ཁྲོད་དངོས་གཞི་དང་དེའི་ཡན་གྱི་སློབ་རྒྱུས་ལྡན་མཁན་10%ཡང་ཟིན་མེད་ཅེས་ངོ་སྤྲོད་བྱས་པ་རེད།
             ལག་བསྟར་ཇུས་གཞི་ལྟར་ན། མཁོ་ཆོད་སྨན་པ་གསོ་སྐྱོང་བྱེད་པའི་ཐད། མཚོ་སྔོན་གྱིས་སློབ་ཆེན་དང་སློབ་གླིང་ཁག་གི་མཁོ་ཆོད་གསོ་རིག་སློབ་གསོ་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་སློབ་གྲྭ་ནས་ཐོན་རྗེས་ཀྱི་མཁོ་ཆོད་སྨན་པའི་གསོ་རིག་སློབ་གསོའི་ལམ་ལུགས་བཙུགས་ཤིང་འཐུང་སྒོ་ཚང་དུ་གཏོང་བ་དང་། མཁོ་ཆོད་སྨན་པའི་རྒྱུན་མཐུད་གསོ་རིག་སློབ་གསོ་འཐུས་སྒོ་ཚང་དུ་གཏོང་བ། མཁོ་ཆོད་སྨན་པ་གསོ་སྦྱོང་རྟེན་གཞི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱ་རྒྱུ་དང་། གྲོང་གསེབ་ཀྱི་མངགས་ཐོ་རྣམ་པའི་གནས་གཏན་འཁེལ་གྱི་གསོ་རིག་སློབ་མ་རིན་མེད་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་གསེབ་གཞི་རིམ་གྱི་མཁོ་ཆོད་གསོ་རིག་ཤེས་ལྡན་པ་གསོ་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ། མཁོ་ཆོད་ཆེད་ལས་ཀྱི་རྟེན་གཞི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མཁོ་ཆོད་སྨན་བཅོས་སློབ་ཚན་མང་དུ་གཏོང་བ། མཁོ་ཆོད་གསོ་རིག་སློབ་ཚན་ཆེད་དུ་བཀོད་སྒྲིག་བཅས་བྱས་ཏེ། མཁོ་ཆོད་ནད་ཐོག་ལག་ལེན་དང་། སློབ་ཁྲིད། ཚན་ཞིབ་བཅས་ཀྱི་ལས་དོན་སྤེལ་རྒྱུ་ཡིན་པ་རེད།
            རིགས་གཅིག་ཚན་ཁག་གི་སྨན་པ་དང་བསྡུར་ན། མཁོ་ཆོད་སྨན་པའི་གླ་ཕོགས་ཐོབ་ཐང་དང་། གོ་མིང་དཔྱད་འབེབས། ལས་རིགས་ཀྱི་མདུན་ལམ་སོགས་ལ་ཧེ་བག་ཆེ་ཙམ་ལྡན་ཡོད། མཚོ་སྔོན་གྱིས་མཁོ་ཆོད་སྨན་པའི་གླ་ཆའི་ཆུ་ཚད་མཐོ་རུ་བཏང་ནས་ཁོང་ཚོའི་གླ་ཆའི་ཆུ་ཚད་དང་ས་གནས་དེ་གའི་རྫོང་དང་ཆུས་རིམ་པའི་ཕྱོགས་བསྡུས་སྨན་ཁང་གི་འདྲ་མཚུངས་ཆ་རྐྱེན་ལྡན་པའི་ནད་ཐོག་སྨན་པ་དཀའ་བཅུ་པའི་གླ་ཆའི་ཆུ་ཚད་དང་སྦྲེལ་མཐུད་ཐུབ་པ་བྱེད་དགོས། གཞི་རིམ་གྱི་མཁོ་ཆོད་སྨན་པས་འབྲིང་རིམ་གོ་མིང་ཡིག་རྒྱུགས་གཏོང་བའམ་ཡང་ན་མཐོ་རིམ་གོ་མིང་འདུན་ཞུ་བྱེད་སྐབས་ཕྱི་སྐད་དང་། ཚན་ཞིབ། དཔྱད་རྩོམ་བཅས་འདུན་ཞུའི་ཆ་རྐྱེན་ལ་མི་བརྩིས་ན་ཆོག ཞིང་འབྲོག་ཁུལ་དུ་གཞི་རིམ་ལས་དོན་ལོ་10བསྟུད་མར་སྤེལ་མྱོང་བའི་མཁོ་ཆོད་སྨན་པར་དཔྱད་ཞིབ་བྱས་རྗེས་ཐད་ཀར་མཐོ་རིམ་ཡོན་གནས་གཞོན་པའི་གོ་མིང་ལོངས་སྤྱོད་བྱེད་ཆོག་ཅེས་བཏོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།