འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།འབྲོག་ཁུལ་གྱི་ཁྱིམ་ཚང་དེར་གཟིགས་དང་། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་21ཉིན། 11:29】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
             མི་དམངས་དྲ་བའི་འཕྲིན། ང་ཚོས་རྒྱུན་དུ་མི་རབས་བཞི་འཛོམས་ཀྱི་ཁྱིམ་ཚང་ལ་ཁྱིམ་རྒྱུད་དར་ཞིང་འཆམ་མཐུན་དང་རྒན་རྒོན་ཚོར་བུ་ཕྲུག་དང་ཚ་བོ་ཚ་མོ་མང་བས་བསོད་ནམས་ཡོད་པར་བརྩི་གི་ཡོད། དེ་ནི་དེ་སྔ་ཞིང་ཁྱིམ་དུ་མང་པོ་མཐོང་རྒྱུ་ཡོད་མོད། འོན་ཀྱང་ཐོན་སྐྱེད་བྱེད་སྟངས་མི་འདྲ་བ་དང་དེ་བཞིན་སྐྱས་སྤོས་གཙོ་བོར་བྱེད་པའི་འབྲོག་ཁུལ་དུ་གནས་ཐེངས་མང་སྤོ་དགོས་སྟབས། ཁྱིམ་ཚང་གི་འདུ་ཤེས་ཞིང་ཁུལ་ལས་ཞན་པ་ཡོད། ཡིན་ནའང་ཉེ་དུས་རྒྱལ་ཡོངས་ཀྱི་དཔལ་འབྱོར་དོ་སྙོམས་ངང་འཕེལ་རྒྱས་འགྲོ་བ་དང་འབྲོག་ཁུལ་གྱི་ཐོན་སྐྱེད་བྱེད་སྟངས་སྣ་མང་ཅན་དུ་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་འབྲོག་ཁུལ་གྱི་བོད་རིགས་ཁྱིམ་ཚང་དུ་མི་རབས་བཞི་འཛོམས་བྱས་པ་མང་པོ་མཐོང་རྒྱུ་ཡོད།
            མཚོ་སྔོན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་འབྲི་སྟོད་རྫོང་དུ་རྨ་ཆེན་དབང་རྒྱལ་གྱི་ཁྱིམ་ནི་མི་48ཡོད་པའི་ཁྱིམ་ཚང་ཆེ་མོ་ཞིག་རེད། ལོ་70ལ་སོན་པའི་རྨ་ཆེན་དབང་རྒྱལ་ནི་ཁྱིམ་བདག་གཙོ་བོ་དེ་ཡིན་ལ“སྤྱི་ཁྱབ་ཅིང་ལི”ཡང་རེད།
           རྨ་ཆེན་དབང་རྒྱལ་གཞིས་ཆགས་ཁུལ་དུ་ནང་མི་ཚང་མས་ནང་ལས་ལ་བྲེལ་བཞིན་ཡོད་པ་ནི་ལ་ལས་སྐུ་མགྲོན་ལ་སྣེ་ལེན་ཞུ་བའི་འོ་ཇ་དང་ཚགས་ཤ་གྲ་སྒྲིག་བྱེད་བཞིན་ཡོད་པ་དང་། ལ་ལས་ཁང་པར་གད་ཕྱིས་བྱེད་བཞིན་ཡོད་པ། ལ་ལས་ཕྲུ་གུ་དམར་འབྱར་ལ་གཡོག་བྱེད་བཞིན་ཡོད་པ་སོགས་རེད། རྨ་ཆེན་དབང་རྒྱལ་གྱིས་ད་ལྟ་མཐོང་རྒྱུ་ཡོད་པ་ནི་ཁྱིམ་ཚང་གི་ཁོངས་མིའི་གྲས་ཉུང་ཤས་ཤིག་ཡིན་པ་དང་ཁོང་ཚོ་ནི་བུ་མོ་དང་། མནའ་མ། ཚ་བོ་ཆུང་བ་སོགས་དང་ལས་ལ་བརྩོན་པའི་བཟའ་ཟླ་གསལ་དགའ་བཅས་རེད།
           ནོར་ལུག་ལ་གཡོག་བྱེད་དང་ནོར་ལུག་འཚོ་བ་སོགས་བྱེད་དགོས་སྟབས། འབྲི་སྟོད་དང་བར་ཐག་སྤྱི་ལེ་300ཙམ་ཡོད་པའི་ཟོ་རྐྱ་ཤང་གཡག་ཆུ་གྲོང་ཚོར་རྨ་ཆེན་དབང་རྒྱལ་གྱི་ཁྱིམ་གྱི་འབྲོག་ར་ཡོད་པས་ཁོང་དེ་གར་སྡོད་ཀྱི་ཡོད། སྲིད་གཞུང་གིས་མི་སེར་གནས་སྤོས་ཐད་སྐུལ་མ་གཏོང་བའི་སྲིད་ཇུས་དང་ལེན་བྱས་རྗེས་རྨ་ཆེན་དབང་རྒྱལ་གྱིས་རྫོང་གི་སྤུས་ལེགས་སློབ་གསོ་དང་སྨན་བཅོས་སོགས་ཀྱི་ཞབས་ཞུ་དངོས་འབྲེལ་ཚོར་ཐུབ་པ་བྱུང་ཁར། ལྷག་དོན་དུ་སློབ་གསོའི་ཐོན་ཁུངས་ལ་དེ་བས་སྣང་ཆེན་གྱིས་ཁོང་གིས“ང་ཚོ་མི་རབས་འདིས་སློབ་སྦྱོང་བྱེད་ཐུབ་མེད་རུང་། ང་ཚོས་ཕྲུ་གུ་ཚོ་མུ་མཐུད་ང་ཚོའི་ལམ་རྙིང་པའི་ཐོག་སྐྱོད་མི་དགོས་པ་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་རྒྱལ་ཁབ་ཀྱི་ས་ཆ་གང་སར་འགྱུར་ལྡོག་ཕྱིན་ཡོད་པས། ཕྲུ་གུ་ཚོས་སློབ་སྦྱོང་བྱས་ཚེ་ཕྱི་ཕྱོགས་ཀྱི་འཛམ་གླིང་ལ་ལྟ་བར་སྐྱོད་ཐུབ་པ་དང་ལྟ་རྒྱ་མཐོང་རྒྱ་ཆེ་རུ་འགྲོ་ཐུབ”ཅེས་བཤད།
           སློབ་གྲྭར་སློབ་སྦྱོང་བྱེད་པར་སྐྱོད་པའི་སྐོར་གླེང་སྐབས་རྨ་ཆེན་དབང་རྒྱལ་གྱིས་སྤོབས་པ་ཆེན་པོའི་སྒོ་ནས“ང་ལ་སློབ་ཆེན་དུ་སྐྱོད་བཞིན་པའི་བུ་གཉིས་ཡོད་པ་དེ་པེ་ཅིང་དང་ཤིས་ཨན་སོ་སོར་ཡོད་པ་དང་། བུ་མོ་གཅིག་ལེའོ་ཉིང་དུ་མཐོ་རིམ་སློབ་འབྲིང་དུ་སྐྱོད་བཞིན་ཡོད་པ་ཕུད། ད་དུང་ཚ་མོ་ཞིག་པེ་ཅིང་དུ་ཡོད་པའི་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་ཁོངས་གཏོགས་ཏ་ཤིན་ཡན་ལག་སློབ་གྲྭར་མཐོ་འབྲིང་ལོ་རིམ་གསུམ་པར་སྐྱོད་བཞིན་ཡོད། དེ་དག་ནི་ནང་སར་སློབ་སྦྱོང་བྱེད་བཞིན་ཡོད་པའི་ཕྲུ་གུ་ཚོ་རེད། ད་དུང་ཀྲོའུ་དང་རྫོང་དུ་སློབ་གྲྭར་སྐྱོད་མཁན་ཡང་ཡོད། ང་ཚོའི་ཁྱིམ་ཚང་དུ་སློབ་ལོ་ལོན་པའི་ཕྲུ་གུ་ཡོད་ཚད་སློབ་གྲྭར་གཏོང་གི་ཡོད”ཅེས་བཤད།
           ད་ཆ་རྨ་ཆེན་དབང་རྒྱལ་གྱིས་ཕྲུ་གུ་ཚོའི་སློབ་གསོའི་ཆེད་དུ་གཞོན་པ་ལྔ་པོ་རེས་མོས་བྱས་ཏེ་ཟོ་རྐྱའི་རྩྭ་ཐང་གི་འབྲོག་རར་གཡོག་བྱེད་བྱེད་པར་གཏོང་གི་ཡོད། མ་གཞི་བྱས་ན་འབྲོག་རར་ཕར་འགྲོ་ཚུར་འོང་བྱེད་སྐབས་དཀའ་ལས་ཁག་པོ་ཡོད་རུང་ཕྲུ་གུ་ཚོས་པ་ཕའི་བཀོད་སྒྲིག་དང་ལེན་བྱེད་པ་ལས་མི་འདོད་པའི་སྐད་ཆ་ཚིག་གཅིག་ཀྱང་ཤོད་ཀྱི་མེད། རྨ་ཆེན་དབང་རྒྱལ་བློ་རིག་བཀྲ་བ་དང་ཁོ་པའི་བཀོད་སྒྲིག་ཚགས་ཚུད་འོག་ཁོང་ཚོའི་ཁྱིམ་ཚང་གི་ནང་མི་ཚང་མ་ཕན་ཚུན་ལྟ་རྟོག་བྱེད་རེས་ཀྱིས་མཉམ་དུ་འཚོ་བ་སྐྱེལ་བ་དང་ཐུན་མོང་ཐོག་འཕེལ་རྒྱས་ལ་གཞོལ་ནས་འཆམ་མཐུན་གྱི་རྣམ་པ་བཟང་པོ་ཞིག་མངོན་གྱི་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།