འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།མང་ཚོགས་ལ་མཁོ་ཆེ་བའི་གནད་སྨིན་ཞབས་ཞུ། 

    —— མཚོ་སྔོན་གྱི་གྲོང་གསེབ་དངུལ་རྩའི་དབུལ་སྐྱོར་སྐོར་གྱི་མཐོང་ཐོས། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་21ཉིན། 11:33】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། “བེའུ་རྒྱུད་བཟང་ཡིན་ན། སྤུ་ཁ་འཇམ་ཞིང་སུག་བཞི་སྦོམ་ལ་རྣ་ཅོག་ཆེ་བ་མ་ཟད། གོམ་འགྲོས་ཀྱང་མགྱོགས་པོ་ཡོད”ཅེས་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་མོན་ཡོན་ཧུད་རིགས་རང་སྐྱོང་རྫོང་བྲག་ཞོལ་མཐའ་གྲོང་རྡལ་འགག་ལུང་ཞོལ་མ་གྲོང་ཚོའི་གྲོང་མི་མཱ་དབྱང་ཧྲོའུ་ཡིས་བེའུ་རྒྱུད་བཟང་མིན་ཇི་ལྟར་ལྟ་དགོས་པའི་སྐོར་བཤད། ཁོང་ནི་ས་གནས་དེ་གའི་བེའུ་ཉོ་འཚོང་བྱེད་མཁན་ཚོང་པ་གྲགས་ཅན་ཞིག་རེད།
           ལོ་གཉིས་ཀྱི་གོང་དུ། ཆུང་བྱིས་པའི་དུས་ནས་སྦྲིད་ནད་ཕོག་སྟེ་རྐང་ཀྱོག་ཆགས་པའི་མཱ་དབྱང་ཧྲོའུ་གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཞིག་རེད། ཁོང་ལ་ད་དུང་སློབ་གྲྭར་སྐྱོད་མུས་ཀྱི་ཕྲུ་གུ་གཉིས་ཡོད། འདས་པའི་ལོ་ཁ་ཤས་རིང་། མཱ་དབྱང་ཧྲོའུ་ལ་བརྟེན་ས་ཞིང་ཁ་མུའུ་ཁ་ཤས་ལས་མེད། དེ་ལས་ལོ་རེར་ཡོང་འབབ་སྒོར་2800ཙམ་ལས་ཡོང་གི་མེད།
           2017ལོར་མཱ་དབྱང་ཧྲོའུ་ཡིས་གནད་སྨིན་དབུལ་སྐྱོར་གྱི་ལག་འབྱོར་མ་དངུལ་སྒོར་6000སྤྱད་དེ་བེའུ་ནག་ཁྲ་གཉིས་ཉོས་པ་རེད། “སྔོན་ཆད་གྲོང་མི་ཚོས་ང་རང་བེའུ་ཉོ་རོགས་ལ་སྐད་གཏོང་གི་འདུག ད་ཆ་རང་ཉིད་ལ་ཡང་བ་ཕྱུགས་ཡོད་པས། བེའུ་ཚོང་བརྒྱབ་ན་ཁེ་སྤོགས་རག་ངེས་ཡིན”ཞེས་མཱ་དབྱང་ཧྲོའུ་ཡིས་བཤད།
           “མ་རྩ་མང་ན་ཁེ་བཟང་མང་པོ་རག་རྒྱུ་ཡིན། མ་རྩ་མ་འདང་ན་དོན་དག་གཅིག་ཀྱང་མི་འགྲུབ”མཱ་དབྱང་ཧྲོའུ་ཡིས“530”དངུལ་བུན་དེ་ལས་རང་ཉིད་ཀྱི་དཀའ་ཁག་ཐག་གཅོད་ཐུབ་སོང་ཞེས་བཤད།
           “530”ཞེས་པ་ནི་མཚོ་སྔོན་ཞིང་ཆེན་དངུལ་རྩའི་གནད་སྨིན་དབུལ་སྐྱོར་གྱི་འབོར་ཉུང་སྐྱེད་གསབ་དངུལ་བུན་ཏེ། རྣམ་གྲངས་འཕེལ་རྒྱས་གཏོང་རྒྱུ་ཡོད་པ་དང་། མ་དངུལ་གྱི་དགོས་མཁོ་ཡོད་པ། ངལ་རྩོལ་ནུས་ཤུགས་ཡོད་པ། གོམས་གཤིས་ངན་པ་མེད་པ། ཟིན་ཐོ་ངན་པ་མེད་པ་སོགས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་དུས་ཡུན་ལོ་3དང་། གྲངས་ཚང་སྐྱེད་གསབ། གཏའ་མ་མི་དགོས་པ། ཁག་ཐེག་མི་དགོས་པ་བཅས་ཀྱི་དངུལ་བུན་སྒོར་ཁྲི་5སྤྲོད་པར་ཟེར།
            སྒོར་ཁྲི་5རག་རྗེས་མཱ་དབྱང་ཧྲོའུ་ཡིས་ཟླ་རེར་ཐེངས་བཞི་ལྔ་དང་ཐེངས་རེར་བེའུ་10རེ་བཙོངས་པར་ལོ་རེར་ཡོང་འབབ་སྒོར་ཁྲི་4རག་གི་ཡོད།
           འགག་ལུང་ཞོལ་མ་གྲོང་ཚོའི་གྲོང་ལྷན་གྱི་གཞུང་དོན་ཁང་དུ་སྐྱོད་སྐབས། གྱང་ངོས་སུ་གྲོང་ཚོ་དེའི་དངུལ་རྩའི་ཞབས་ཞུའི་འགན་འཁུར་བའི་འབྲེལ་གཏུག་པ(གྲོང་སྡོད་དབུལ་སྐྱོར་ཧྲུའུ་ཅི་དང་པོ)དང་། ཞབས་ཞུ་བ(དངུལ་ཁང་གི་ལས་སྒྲུབ་མི་སྣ) མཐུན་སྦྱོར་དོ་དམ་པ(གྲོང་ཚོའི་ལས་བྱེད་པ)བཅས་ཀྱི་མིང་ཐོ་སྦྱར་བ་མཐོང་རྒྱུ་ཡོད།
           མོན་ཡོན་རྫོང་ཞིང་ཚོང་དངུལ་ཁང་གི་ཏུང་ཧྲི་ཀྲང་ལི་ཅིང་ཞ་ཡིས། རིམ་གསུམ་མཉམ་འགུལ་གྱི་དོ་དམ་བྱེད་སྟངས་འདི་རིགས་ཀྱིས་གཞི་རིམ་འཐབ་ས་དང་པོར་ཞབས་འདེགས་ཞུ་བར་བསྐྱོད་རྒྱུ་ཡིན། དེ་འདྲ་བྱུང་ན་ཕྱོགས་གཅིག་ནས་དངུལ་ཁང་གིས་དུད་ཚང་དབུལ་པོའི་དངུལ་རྩའི་ཞབས་ཞུའི་ཐད་ཀྱི་དགོས་མཁོ་གསལ་པོ་ཤེས་ཐུབ་པ་དང་། ཕྱོགས་གཞན་ཞིག་ནས་དངུལ་བུན་གཏོང་སྤྲོད་ཀྱི་ཡིད་རྟོན་ཉེན་ཁ་ནུས་ལྡན་ངང་བཀག་ནས་དངུལ་རྩའི་དབུལ་སྐྱོར་གནད་དུ་སྨིན་ཚད་མཐོ་རུ་དང་ལས་ཕྱོད་ཆེ་རུ་གཏོང་ཐུབ་ཅེས་ངོ་སྤྲོད་བྱས་བྱུང་།
           མོན་ཡོན་རྫོང་ཆུ་མིག་གྲོང་རྡལ་ཁུག་ཆེན་གྲོང་ཚོའི་གྲོང་མི་ལི་ཧྲེང་ཤང་གི་དངུལ་རྩའི་དབུལ་སྐྱོར་ཞབས་ཞུའི་གཱ་ཐོག་ཏུ2016ལོ་ཚུན་ཁོང་གིས་དངུལ་བུན་བླངས་པའི་གནས་ཚུལ་གསལ་པོར་བཀོད་ཡོད་པ་རེད།
            མི་དམངས་དངུལ་ཁང་ཟི་ལིང་ལྟེ་བའི་ཉིང་ལག་དངུལ་ཁང་གིས་མཁོ་འདོན་བྱས་པའི་གྲངས་གཞིའི་ཐོག་མངོན་པར་གཞིགས་ན། 2017ལོའི་ལོ་མཇུག་བར། མཚོ་སྔོན་གྱི་དངུལ་རྩའི་གནད་སྨིན་དབུལ་སྐྱོར་དངུལ་བུན་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར་1125.96ཟིན་པ་དེ་དུས་མཚུངས་ལས་21.38%འཕར་བ་དང་། དེ་དག་ལས་མི་སྒེར་གྱི་གནད་སྨིན་དབུལ་སྐྱོར་དངུལ་བུན་གྱི་ལྷག་གྲངས་སྒོར་དུང་ཕྱུར་35.88ཟིན་པ་དེ་དུས་མཚུངས་ལས་64.74%འཕར་བ། “ཡོད་པ་གསུམ་དང་མེད་པ་གཅིག”གི་དུད་ཚང་དབུལ་པོར་དངུལ་བུན་རག་ཚད་54%ཟིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།