འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་ལྷོ་ཀྲོའུ་ཡིས་སྣོད་བཅུད་ཀྱི"དཀའ་གནད"བསལ་བར་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་21ཉིན། 11:24】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། ཀྲུང་གོ་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཀྲུང་གོའི་འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་གལ་འགངས་ཆེ་ཤོས་ཀྱི་རང་བྱུང་སྣོད་བཅུད་བདེ་འཇགས་སྲུང་ཡོལ་ཡིན་པའི་ངོས་ནས་མུའུ་ཁྲི་4150ཟིན་པའི་ཀན་སུའུ་ཀན་ལྷོའི་རང་བྱུང་རྩྭ་ཐང་ཚད་གཞི་མི་འདྲ་བའི་སྒོ་ནས་ཉམས་ཞན་དུ་ཕྱིན་ནས་ས་གནས་དེའི་སྣོད་བཅུད་ཀྱི“དཀའ་གནད”ཅིག་ཏུ་གྱུར་ཡོད་པ་རེད། གནས་ཚུལ་དེར་ཉེ་ལམ་ལོ་ཤས་རིང་ཀྲོའུ་དེས“ངར་འཇམ་གཉིས་ལྡན”གྱིས་བཅོས་སྐྱོང་ནན་པོ་བྱས་ཤིང་། མིག་སྔར། ཀྲོའུ་ཡོངས་ཀྱི་རྩྭ་ར་ཞན་འགྱུར་གྱི་རྒྱ་ཁྱོན་14.7%བར་ཆག་ཡོད་པ་དང་། ཀྲོའུ་ཡོངས་ཀྱི་ཨ་བྲའི་གནོད་འཚེ་འབྲིང་གྲས་ཕོག་པའི་རྩྭ་རའི་རྒྱ་ཁྱོན་མུའུ་ཁྲི་1572.6ནས་མུའུ་ཁྲི་808བར་ཆག་ཡོད་པ་རེད།
            ཀན་ལྷོ་ཀྲོའུ་ཞིང་འབྲོག་ཅུས་ཀྱི་འགན་འཁུར་བས་ངོ་སྤྲོད་བྱས་དོན། ཉེ་ལམ་ལོ་ཤས་རིང་། ཀྲོའུ་དེས་སྣོད་བཅུད་བྱ་དགའ་ཁ་གསབ་ཀྱི་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་། སྐྱས་སྤོས་རྩྭ་གསོའི་འདུ་འགོད་ལག་ལེན་བསྟར་བ། ཨ་བྲའི་གནོད་འཚེ་འགོག་བཅོས་དང་ཞན་འགྱུར་རྩྭ་ར་བཅོས་སྒྲིག་བྱེད་པ། རྩྭ་ཐང་འབྲོག་ལས་གཞན་སྒྱུར་ལ་སྐུལ་འདེད་གཏོང་བ། རྩྭ་ཐང་ལ་ལྟ་ཞིབ་ཁྲིམས་འཛིན་བྱེད་པ། རྨ་ཆུའི་ངོགས་ཀྱི་རྩྭ་ཐང་བྱེ་འགྱུར་བཅོས་སྒྲིག་འཚོལ་ཞིབ་བྱེད་པ་སོགས་ཀྱི་ཐད་བྱ་ཐབས་ནན་པོ་སྤྱད་ཡོད་པ་དང་། མིག་སྔར་རང་བྱུང་རྩྭ་ཐང་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་ལོ་རེ་བཞིན་མཐོ་རུ་ཕྱིན་པ་དང་། ས་ནག་ཐང་རྣམ་པའི་རྩྭ་ཐང་རྒྱ་ཁྱོན་22.5%བར་ཆག་པ་དང་། ཕྱུགས་རིགས་གཤོང་ཚད་15.2%ཟིན་ནས་2010ལོ་ལས་18.2%ཆག་ཡོད་པ་རེད། 2017ལོར་བྱ་དགའ་ཁ་གསབ་ཀྱི་སྲིད་ཇུས་རང་བཞིན་གྱི་མ་དངུལ་སྒོར་ཁྱོན་དུང་ཕྱུར་2.9066ཚང་མ་དུད་ཚང་ལ་སྤྲད་པས། ཕྱོགས་གཅིག་ནས་ཞིང་འབྲོག་པའི་ཡོང་འབབ་མང་དུ་ཕྱིན་པ་དང་། ཕྱོགས་གཞན་ཞིག་ནས་རྩྭ་ཐང་དུ་ཕྱུགས་རིགས་གཤོང་ཚད་ལས་བརྒལ་ཚད་ལོ་རེ་བཞིན་ཆག་ནས་རྩྭ་ཕྱུགས་དོ་སྙོམས་བྱུང་ཡོད་པ་རེད།
           ཨ་བྲའི་གནོད་འཚེ་ནི་རྩྭ་རའི་སྣོད་བཅུད་ཀྱི“བསྟན་དགྲ”ཆེ་ཤོས་ཤིག་ཡིན་ཞིང་། ཀྲོའུ་དེས“སྣོད་བཅུད་ཨ་བྲ་ཚོད་འཛིན”བྱ་ཐབས་འཚོལ་ཞིབ་བྱས་ནས། ཏི་ལོ་དང་། ཝ་མོ། ཐང་དཀར་རིགས་བཅས་རྒྱུད་སྤེལ་སྦྱོང་བརྡར་ཚོད་ལྟ་བྱས་ཏེ་སྣོད་བཅུད་མ་ལག་གཟན་ཕྲེང་འབྲེལ་བར་བརྟེན་ནས་ཨ་བྲ་བསད་པ་དང་། 2010ལོ་ཚུན་རྩྭ་ཐང་མུའུ་ཁྲི་1669.95ལ་ཨ་བྲའི་གནོད་འཚེ་ཕྱོཌ་བསྡུས་འགོག་བཅོས་བྱས་ཤིང་། ལོ་བཅུའི་གོང་ལས་མུའུ་ཁྲི་700ལྷག་ཙམ་ཆག་ཡོད་པ་རེད།
           གཞན་ཡང་། ད་དུང་ཀྲོའུ་དེས་རྨ་ཆུའི་ངོགས་ཀྱི་བྱེ་འགྱུར་ཕྱོགས་བསྡུས་བཅོས་སྒྲིག་འཚོལ་ཞིབ་བྱས་ནས་རྨ་ཆུ་རྫོང་སྨད་མ་ཤང་སོགས་ས་ཆར་འཁོར་རྒྱུག་བྱེ་འབོག་དང་། བྱེ་འགྱུར་ཚབས་ཆེན་ས་ཆ་མུའུ་47475 ས་ནག་ཐང་མུའུ་ཁྲི་80.545བཅས་བཅོས་སྒྲིག་བྱས་ཡོད་པ་རེད།
           ཕྱུགས་བཀག་དང་། བསྐྱར་འདེབས། ཨ་བྲ་གསོད་པ། བྱེ་བཅོས་སོགས་ཀྱི་བྱ་ཐབས་སྤྱད་པ་ཕུད། ཀན་ལྷོ་ཀྲོའུ་ཡིས་2010ལོ་ནས་བཟུང་རྩྭ་ཐང་ཐོག་དབྱར་རྩྭ་དགུན་འབུ་འཐུ་བ་དང་བྱེ་སྔོག་ས་ལེན་བྱེད་པ་སོགས་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་སྤེལ་མཁན་ཁྱོན་མི་ཐེངས་ཁྲི་1.12ཕྱིར་སྤྲད་དང་ཕར་བསློགས་པ་དང་། ཆོག་མཆན་མ་ཐོབ་པའི་རྩྭ་ཐང་བཟུང་སྤྱོད་ཀྱི་ལས་གྲྭ་འཛུགས་སྐྲུན་དང་གཏེར་ཁ་རྩད་ཞིབ་གསར་སྤེལ་ཁེ་ལས་ལ་གོ་བརྡ་སྤྲོད་པའི་ཡི་གེ་74སྤྲད་པ་དང་འབྲེལ། རང་བྱུང་རྩྭ་ཐང་སྔོ་ཁེབས་སླར་གསོའི་གྲོན་དངུལ་སྒོར་ཁྲི་288.31བསྡུས་པ་དང་། མིག་སྔར་རིམ་བཞིན་སྔོ་ཁེབས་སླར་གསོའི་ལས་དོན་སྤེལ་བཞིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།