འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་13གྱི་ལྕགས་ལམ་ལས་དོན་པ་ཀྲུང་གོར་སླེབས་ནས“མྱུར་བགྲོད་ལྕགས་ལམ་
    གྱི་ཁ་ལོ་བའི་སློབ་གྲྭར”སྤེལ་རེས་དང་གསོ་སྦྱོང་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་15ཉིན། 10:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། “མྱུར་བགྲོད་ལྕགས་ལམ་གྱི་ཁ་ལོ་བའི་སློབ་གྲྭ”རུ་གྲགས་པའི་ཀྲུང་གོ་ལྕགས་ལམ་ཝུའུ་ཧན་ཅུས་ཚོགས་པ་ཀུང་སི་ཝུའུ་ཧན་མྱུར་བགྲོད་ལྕགས་ལམ་སྦྱོང་བརྡར་དུམ་བུས་ཉེ་ཆར་ཕྱི་རྒྱལ་གྱི་ལྕགས་ལམ་དོ་དམ་མི་སྣ་63ལ་བསུ་བ་ཞུས་ཤིང་། ཁོང་ཚོ་ནི་ཨེ་ཅིབ་དང་། ཕ་ལེ་སི་ཐན། ཅོར་ཏན། ཨེ་ཙི་ཨོ་ཕི་ཡ། མོང་གོལ་རྒྱལ་ཁབ། ཐེ་ལན། སི་རི་ལན་ཁ། ལོ་སི། ཨུ་ཟ་བྷེ་ཁི་སི་ཐན་བཅས“རྒྱུད་གཅིག་ལམ་གཅིག”རྒྱུད་ཀྱི་རྒྱལ་ཁབ་དང་དེ་བཞིན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀག་ན་དང་། ཁ་མེ་རོང་། ཅན་པི་ཡ། ཁེན་ནི་ཡ་བཅས་ནས་རེད།
         ཝུའུ་ཧན་མྱུར་བགྲོད་ལྕགས་ལམ་སྦྱོང་བརྡར་དུམ་བུ་ནི་ཀྲུང་གོའི་དངོས་སྒྲུབ་སྦྱོང་བརྡར་གཙོ་གནད་དུ་བྱེད་པའི་མྱུར་བགྲོད་ལྕགས་ལམ་གྱི་གཙོ་གནད་འཁོར་སྐྱོད་ལས་རིགས་ཀྱི་ཆོག་འཐུས་གསོ་སྦྱོང་སྒྲིག་གཞི་འབབ་ཞིག་དེ་རེད་ལ། ཀྲུང་གོ་མྱུར་བགྲོད་ལྕགས་ལམ་གྱི་གཞི་རིམ་གྱི་ལག་རྩལ་དང་འཁོར་སྐྱོད་དོ་དམ་མི་སྣའི་གསོ་སྦྱོང་རྟེན་གཞི་ཞིག་ཀྱང་རེད།
         ཝུའུ་ཧན་མྱུར་བགྲོད་ལྕགས་ལམ་སྦྱོང་བརྡར་དུམ་བུའི་སློབ་དཔྱོད་པུའི་པུའུ་ཀྲང་རེན་ཧའེ་ཡུན་གྱིས། ད་རེས་ཀྱི་སྤེལ་རེས་གསོ་སྦྱོང་གི་སློབ་ཚན་ལ་སློབ་ཁང་གི་འཆད་ཁྲིད་དང་། ཚོགས་ཆུང་ཁག་བགོས་ཀྱི་གྲོས་སྡུར། ས་གནས་ས་ཐོག་གི་ལྟ་སྐོར། ཤུགས་འགྲེམས་མེ་འཁོར་རིགས་ཀྱི་འདྲ་བཟོས་ལད་ཟློས་བཀོལ་སྤྱོད་དངོས་སོགས་ཀྱི་བྱེད་སྟངས་ཚུད་ཡོད། དེའི་ཁྲོད་འཚམས་འདྲི་སྤེལ་རེས་ཀྱི་ཕྱི་རྒྱལ་སློབ་མ་ཚོས་ཕྱོགས་ཡོངས་དང་། ཕྱི་རོལ་ཡུལ། དངོས་ཡོད་བཅས་ཀྱི་སྒོ་ནས་ཀྲུང་གོའི་ལྕགས་ལམ་གྱི་འཕེལ་རྒྱས་གྲུབ་འབྲས་དང་། ཉམས་མྱོང་། མདུན་ཕྱོགས་ཀྱི་ལག་རྩལ་བཅས་ཤེས་རྟོགས་གང་ཐུབ་བྱ་རྒྱུ་རེད་ཅེས་བཤད།
         “ཀྲུང་གོའི་མྱུར་བགྲོད་ལྕགས་ལམ་ལ་འཕེལ་རྒྱས་མགྱོགས་པོ་ཕྱིན་ཡོད། ཀྲུང་གོ་དང་འབྲེལ་ཡོད་ལྕགས་ལམ་འཛུགས་སྐྲུན་དང་འཁོར་སྐྱོད་དོ་དམ་སོགས་ཀྱི་ཐད་ལ་དེ་བས་གཏིང་ཟབ་དང་། དེ་བས་རྒྱ་ཁྱབ། དེ་བས་དངོས་སྒྲུབ་བཅས་ཀྱི་སྤེལ་རེས་མཉམ་ལས་བྱ་རྒྱུའི་རེ་བ་ཧ་ཅང་ཆེན་པོ་ཡོད”ཅེས་ཨེ་ཅིབ་རྒྱལ་ཁབ་ལྕགས་ལམ་ཅུས་ཀྱི་གསོ་སྦྱོང་ཅིང་ལི་ཨའེ་ཧ་མའེ་ཏེས་བཤད།
          ཤེས་རྟོགས་བྱུང་བར་གཞིགས་ན། 2015ལོ་ནས་ད་བར་ཝུའུ་ཧན་མྱུར་བགྲོད་ལྕགས་ལམ་སྦྱོང་བརྡར་དུམ་བུས་ཐེ་ལན་དང་། ལོ་སི། མ་ལེ་ཞི་ཡ། ཨ་ཧྥུ་ཀ་ནི་སི་ཐན། ཙན་པི་ཡ། ཧང་ག་རི། སིར་པི་ཡ། ཐན་ཙན་ནི་ཡ། ཧ་སག་སི་ཐན། ཁེར་གྷི་སི་ཐན། ཨུ་ཟ་བྷེ་ཁི་སི་ཐན་སོགས་སུ་ཕྱི་རྒྱལ་དང་འབྲེལ་བ་ཡོད་པའི་ལྕགས་ལམ་གྱི་རྩལ་ནུས་གསོ་སྦྱོང་འཛིན་གྲྭ་ཁག་14གཉེར་ནས་ཕྱི་རྒྱལ་གྱི་སློབ་མ་མི་ཐེངས་400ཙམ་གསོ་སྦྱོང་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།