འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།2018ལོའི་དམག་ཡོངས་ཀྱི་སློབ་གླིང་དང་སློབ་གྲྭའི་སློབ་བསྡུའི་འཆར་གཞི་ཁྱབ་བསྒྲགས་
    བྱས་པ།

    འཆར་གཞི་ལྟར་ན་སློབ་མ་ཁྲི་3.05བསྡུ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་15ཉིན། 10:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་12ཉིན་གསར་འགོད་པར་དམག་ཨུད་སྦྱོང་བརྡར་དོ་དམ་པུའུ་ནས་ཤེས་རྟོགས་བྱུང་བར། 2018ལོའི་དམག་ཡོངས་ཀྱི་སློབ་གླིང་དང་སློབ་གྲྭར་སློབ་མ་བསྡུ་བའི་འཆར་གཞི་ཉེ་ཆར་ཁྱབ་བསྒྲགས་བྱས་པ་དང་སློབ་གླིང་དང་སློབ་གྲྭ་26ལ་འཆར་གཞི་ལྟར་ན་སློབ་མ་ཁྲི་3.05བསྡུ་རྒྱུ་ཡིན་པ་རེད། དེའི་ནང་མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་ཐོན་སློབ་མ་ཁྲི་1.2དང་། དམག་ཁོངས་ནས་ཡིན་པའི་དམག་མིའི་སློབ་གྲྭའི་སློབ་མ་ཁྲི་0.55 ཧྲི་ཀོན་དམག་མིའི་སློབ་མ་ཁྲི་1.3བཅས་ཡོད་པ་རེད།
         2018ལོར་མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་ཐོན་སློབ་མ་བསྡུ་བའི་འཆར་གཞི་ནི་སྒྱུར་བཅོས་དང་བསྟུན་པ་དང་དགོས་མཁོ་སྣེ་ཁྲིད་དུ་བྱ་རྒྱུར་གཞིགས་ནས་གཙོ་ཁྲིད་ལ་བཀོད་འདོམས་དང་དམག་རིགས་གཙོ་གཏོད་བྱེད་པ་དང་། ཁོངས་གཏོགས་ཀུན་སྤྱོད་དང་ངོ་བོ་གསར་པའི་བསམ་ཕྱོགས་རྒྱ་སྐྱེད་བྱས་ཏེ་དམག་དོན་ཤེས་ལྡན་པའི་གསོ་སྐྱོང་མ་ལག་དང་། དཔུང་སྡེའི་ལོ་འཁོར་གྱི་ལས་གནས་དགོས་མཁོ་དང་སྦྲེལ་མཐུད་བྱས་ནས་ན་ནིང་གི་སློབ་བསྡུའི་གྲངས་འབོར་གྱི་སྤུས་ཚད་ལ་དབྱེ་ཞིབ་བྱེད་པའི་རྨང་གཞིའི་ཐོག་ཆེད་ལས་ཀྱི་བཀོད་སྒྲིག་དང་། ཕོ་མོའི་བསྡུར་གྲངས། ཞིང་ཆེན་དབྱེ་ནས་བཀོད་སྒྲིག་བཅས་ལེགས་སུ་བཏང་ནས་ཤེས་ལྡན་པའི་གདམ་གསེས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་ཧུར་ཐག་གཏོང་རྒྱུ་དང་། མཐའ་མཚམས་ཐག་རིང་ས་ཁུལ་དང་གྲངས་ཉུང་མི་རིགས་ས་ཁུལ་གྱི་རྒྱུགས་སྤྲོད་སློབ་མའི་དགོས་མཁོར་སྤྱི་འདོམས་འཆར་འགོད་དང་སྤྱི་ཡོངས་ལ་ལྟ་རྟོག་བྱ་རྒྱུ་རེད། དམག་དཔུང་གི་གཞི་ཁྱོན་གྲུབ་ཆ་དང་སྟོབས་ཤུགས་བཀོད་སྒྲིག་སྒྱུར་བཅོས་ཀྱི་བླང་བྱ་དང་འཚམ་པ་དང་། དམག་སྐུལ་དང་ལེན་སྲིད་ཇུས་དང་ལམ་ལུགས་ཀྱི་སྒྱུར་བཅོས་ཀྱི་ཁ་ཕྱོགས་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་ལེགས་སྒྲིག་དང་སྒྱུར་བཅོས་བྱེད་པའི་རྒྱུ་རྐྱེན་ལ་ལྟ་རྟོག་དང་བསམ་གཞིག་བྱ་ཆེད། སློབ་བསྡུའི་འཆར་གཞིའི་ནང་དམག་ཡོངས་ཀྱི་ཆུ་ཚད་མཐོ་བའི་སློབ་གླིང་དང་སློབ་གྲྭའི་མཛུབ་ཁྲིད་དང་ལག་རྩལ་མཉམ་འདྲེས་བྱེད་པའམ་ཡང་ན་ལག་རྩལ་རིགས་ཀྱི་ཆེད་ལས་གཞོན་ནུ་སློབ་མའི་སློབ་བསྡུའི་གྲངས་འབོར་མཐོ་རུ་འོས་འཚམ་བཏང་ནས་སྲོལ་རྒྱུན་ཆེད་ལས་ཀྱི་སློབ་བསྡུའི་གྲངས་འབོར་ཚོད་འཛིན་ནན་པོ་བྱེད་པ་དང་། མཉམ་དུ་དམག་འཐབ་འགན་ལེན་བྱེད་པ་སོགས་སྟོབས་ཤུགས་གསར་གྲས་ཀྱི་འབྲེལ་ཡོད་ཆེད་ལས་ཀྱི་སློབ་བསྡུའི་གཞི་ཁྱོན་ཆེ་རུ་གཏོང་རྒྱུ་རེད། དྲག་ཆས་ཉེན་རྟོག་དཔུང་སྡེས་དམིགས་བསལ་དམག་འཐབ་དང་། མདེལ་འགོག་ལྕགས་ཁྲབ། འཕུར་སྐྱོད་སོགས་ཆེད་ལས་དཀོན་པའི་སློབ་བསྡུའི་བསྡུར་གྲངས་འོས་འཚམ་ངང་མཐོ་རུ་གཏོང་རྒྱུ་རེད།
         2018ལོར་དམག་ཁོངས་ནས་ཡིན་པའི་དམག་མིའི་སློབ་གྲྭའི་སློབ་མའི་སློབ་བསྡུའི་འཆར་གཞི་དམག་འཐབ་དཔུང་སྡེ་དང་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་ཕྱོགས་ནས་སྒྲིག་གཞི་ཚང་བའི་འཛིན་གྲྭའི་པན་དང་ཕའེ་ཡི་དམག་མིའི་རྐང་འཛིན་གྱི་ཡིག་རྒྱུགས་ནང་མིང་ཐོ་འགོད་པའི་བསྡུར་གྲངས་འོས་འཚམ་ངང་མཐོ་རུ་གཏོང་རྒྱུ་རེད།
         དམག་ཡོངས་ཀྱི་སློབ་གླིང་དང་སློབ་གྲྭའི་སློབ་བསྡུའི་ལས་དོན་དེ་བརྒྱུད་རིམ་ཧྲིལ་པོར“ཀུན་གསལ་འདུ་འགོད”ལག་བསྟར་བྱས་ནས་སྲིད་ཇུས་གཏན་འབེབས་དང་། སློབ་བསྡུའི་འཆར་གཞི། རྒྱུགས་སྤྲོད་སློབ་མའི་ཐོབ་ཐང་། ཡིག་རྒྱུགས་ཀྱི་སྦྱངས་འབྲས། ཆ་འཕྲིན་ཕབ་འཇུག ཐབས་ལམ་བསྐྱར་ཞུ། སྒྲིག་འགལ་ཐག་གཅོད་བཅས་ཀྱི་ཡོངས་བསྒྲགས་ལམ་ལུགས་ཁག་བདུན་དོན་འཁྱོལ་ནན་པོ་བྱེད་པ་དང་། བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་མཛུབ་ཁྲིད་ཀྱི་ཞིབ་བཤེར་བྱ་རྒྱུ་དང་ཆབས་ཅིག སློབ་གླིང་དང་སློབ་གྲྭ་26གི་སློབ་བསྡུའི་དྲིལ་བསྒྲགས་དེ་སློབ་གསོ་པུའི“ཀུན་གསལ་མཐོ་རྒྱུགས”ཀྱི་ཆ་འཕྲིན་ལས་སྟེགས་ནང་བཅུག་ནས་སློབ་བསྡུའི་ཆ་འཕྲིན་ཕྱོགས་ཡོངས་ནས་ཡོངས་བསྒྲགས་དང་སློབ་བསྡུའི་སྲིད་ཇུས་གསལ་རྟོགས་བྱས་ནས་ཡོངས་བསྒྲགས་དང་། དྲང་གཞག དྲང་བདེན་བཅས་ཀྱི་འགན་ལེན་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།