འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས"དབུལ་སྐྱོར"དང་། "བོད་རིགས་ས་ཁུལ" "སྣོད་བཅུད"སོགས་ཀྱི་ཆེད་དོན་
    གྱི་སློབ་བསྡུའི་འཆར་གཞི་ལག་བསྟར་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་08ཉིན། 11:05】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། གསར་འགོད་པར་ཉེ་ཆར་མཚོ་སྔོན་ཞིང་ཆེན་མཐོ་རིམ་སློབ་གྲྭའི་སློབ་བསྡུ་ཨུ་ལྷན་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར། མཐོ་སློབ་ཀྱི་སློབ་བསྡུའི་གྲུབ་ཆ་སྔར་བས་ལེགས་སུ་གཏོང་ཆེད། མཚོ་སྔོན་གྱིས་འདི་ལོ་མཐོ་སློབ་དཀྱུས་མའི་སློབ་བསྡུའི་རིང་ཞིང་ཆེན་དེའི་ས་ཁུལ་དབུལ་པོ་དང་། ཀྲོའུ་དྲུག་གི་བོད་རིགས་ས་ཁུལ། གཙང་གསུམ་ཆུ་འགོའི་སྣོད་བཅུད་ལྟེ་བའི་སྲུང་སྐྱོང་ཁུལ་བཅས་ཀྱི་རྒྱུགས་སྤྲོད་སློབ་མ་950གནས་གཏན་འཁེལ་གྱིས་བསྡུ་རྒྱུའི་འཆར་གཞི་ཡོད་པ་རེད།
          ངོ་སྤྲོད་བྱས་པར་གཞིགས་ན། མཚོ་སྔོན་གྱིས་འཕྲུལ་ཆས་རིགས་དང་བཟོ་ཚོང་དོ་དམ་རིགས་སོགས་ལས་ཞུགས་དུས་བབ་བལྟོས་བཅས་ཀྱིས་ལེགས་པའི་ཆེད་ལས་ཁྲོད་སློབ་མ་200བསྡུ་རྒྱུའི་འཆར་གཞི་བཀོད་སྒྲིག་བྱས་ཏེ་ཞིང་ཆེན་ནང་ཁུལ་གྱི་དབུལ་པོའི་ས་ཁུལ་གྱི་རྒྱུགས་སྤྲོད་སློབ་མར་ཕྱོགས་ནས་ཆེད་དོན་སློབ་བསྡུ་བྱ་རྒྱུ་ཡིན་པ་དང་། སློབ་ཁུངས་ཟི་ལིང་གི་ཆུས་བཞི་དང་མཚོ་སྔོན་སྣུམ་ཞིང་ཕུད་པའི་རྒྱུགས་ཁུལ་ཁག་ནས་ཡིན་པ་རེད། བྱ་ཐབས་དེས་ས་ཁུལ་དབུལ་པོའི་རྒྱུགས་སྤྲོད་སློབ་མ་སློབ་ཆེན་འགྲིམ་པའི་བསྡུར་གྲངས་སྔར་བས་ཆེ་རུ་ཕྱིན་ཏེ་རྩ་བའི་ཐོག་ནས་ཁྱིམ་ཚང་དབུལ་སྒྲོལ་ལ་སྐུལ་ཁྲིད་ཐུབ་རྒྱུ་རེད།
          བོད་རིགས་ས་ཁུལ་གྱི་ཆེད་དོན་སློབ་བསྡུའི་འཆར་གཞིའི་ཐད་མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་དེའི་ཀྲོའུ་དྲུག་གི་བོད་རིགས་ས་ཁུལ(མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་དང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ། མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ། ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ། རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ། མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ)གྱི་བོད་རྒྱ་སྐད་རིགས་གཉིས་ཀྱི་སློབ་ཁྲིད་དང་གསོ་རིག་སོགས་གཞི་རིམ་གྱི་ཤེས་ལྡན་པ་དཀོན་པའི་དོན་དངོས་ལ་དམིགས་ནས་མཚོ་སྔོན་གྱིས་རིག་ཚན་སློབ་གསོ་དང་། ནད་ཐོག་སྨན་བཅོས་ཀྱི་གསོ་རིག བོད་ལུགས་གསོ་རིག ནད་སྐྱོང་རིག་པ་སོགས་ཀྱི་ཆེད་ལས་ཁྲོད་ནས་སློབ་མ་460བསྡུ་རྒྱུའི་འཆར་གཞི་བཀོད་སྒྲིག་བྱས་ནས་ཀྲོའུ་དྲུག་གི་བོད་རིགས་ས་ཁུལ་ལ་ཕྱོགས་ཏེ་གནས་གཏན་འཁེལ་གྱིས་སློབ་བསྡུ་བྱ་རྒྱུ་ཡིན་པ་རེད།
          དེའི་ཁྲོད་གཞུང་གྲོན་བཏང་བའི་དགེ་འོས་སློབ་མ་360བསྡུ་རྒྱུའི་འཆར་གཞི་ཡོད་པ་དེར་གནས་གཏན་འཁེལ་གྱིས་སློབ་བསྡུ་དང་། རིན་མེད་སློབ་ཞུགས། གནས་གཏན་འཁེལ་ངང་ལས་ཞུགས་བཅས་ལག་བསྟར་བྱས་ནས་ཀྲོའུ་དྲུག་གི་ཞིང་འབྲོག་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་ལ་རང་བྱུང་ཚན་རིག་ཚན་ཁག་གི་རྐང་འཛིན་དགེ་རྒན་དང་། རིག་ཚན་གྱི་དགེ་རྒན། སློབ་ཆུང་གི་མཁོ་ཆོད་དགེ་རྒན་བཅས་གསོ་སྐྱོང་བྱས་ཏེ་ཞིང་འབྲོག་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་རིག་ཚན་གྱི་གྲུབ་ཆའི་འགལ་བ་ལེགས་སུ་གཏོང་བ་དང་ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སློབ་གསོ་དོ་སྙོམས་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། མཚོ་ལྷོ་ས་ཁུལ་གྱི་གསོ་རིག་ཤེས་ལྡན་པ་100བསྡུ་རྒྱུའི་འཆར་གཞི་ཡོད་པ་དེས་ཀྲོའུ་དྲུག་གི་གཞི་རིམ་ས་ཁུལ་དུ་ཁ་ཐང་བའི་ནད་ཐོག་སྨན་བཅོས་དང་། ནད་སྐྱོང་། སྨན་བཅོས་ལག་རྩལ་སོགས་ཀྱི་ཤེས་ལྡན་པ་གསོ་སྐྱོང་བྱས་ཏེ་ཞིང་འབྲོག་ཁུལ་གྱི་གཞི་རིམ་སྨན་བཅོས་དཔུང་ཁག་དང་འགན་ལེན་ཆ་རྐྱེན་བསྐྲུན་རྒྱུར་ཤུགས་སྣོན་རྒྱག་རྒྱུ་ཡིན་པ་རེད།
          གཞན་ཡང་། སྣོད་བཅུད་སྲུང་སྐྱོང་གི་འཐབ་ཇུས་གནས་བབ་སྔར་བས་མངོན་གསལ་དོད་དུ་ཕྱིན་པ་དང་ཆབས་ཅིག་འབྲེལ་ཡོད་ཆེད་ལས་ཤེས་ལྡན་མི་སྣའི་དགོས་མཁོ་ཆེ་རུ་ཕྱིན་ཡོད། མཚོ་སྔོན་གྱིས་སྣོད་བཅུད་རིག་པ་དང་། ཐོན་ཁུངས་རྩད་ཞིབ། ཆུ་བེད་རིགས། རྩྭ་ལས་ཚན་རིག་སོགས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་འབྲེལ་ཡོད་ཆེད་ལས་ཁྲོད་ནས་སློབ་མ་290བསྡུ་རྒྱུའི་འཆར་གཞི་བཀོད་སྒྲིག་བྱས་ནས་གཙང་གསུམ་ཆུ་འགོའི་སྣོད་བཅུད་ལྟེ་བའི་སྲུང་སྐྱོང་ཁུལ་ལ་ཕྱོགས་ཏེ་གནས་གཏན་འཁེལ་ངང་སློབ་མ་བསྡུས་ཏེ་སྣོད་བཅུད་སྲུང་སྐྱོང་དང་དམངས་འཚོ་ལེགས་གཏོང་མཉམ་དུ་མངོན་འགྱུར་ཐུབ་རྒྱུར་ལག་རྩལ་དང་ཤེས་ལྡན་པའི་འདེགས་སྐྱོར་བྱ་རྒྱུ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།