འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།2020ལོར་ཡིག་ཚགས་དང་གཱ་བཟོས་པའི་གྲོང་ཚོ་དབུལ་པོར་དྲ་ཆེན་ཁྱབ་ཚད་98%ལྷག་ཙམ་ཟིན་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་08ཉིན། 11:19】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན།  2018ལོར་སླེབས་སྐབས“དྲ་ཆེན་གྲོང་ཚོ་དབུལ་པོ་90%ཡན་ལ་ཁྱབ་པའི”དམིགས་ཚད་སྔ་སྣུར་དུ་མངོན་འགྱུར་བྱུང་བ་དང་། 2020ལོར་སླེབས་སྐབས་རྒྱལ་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་གྲོང་ཚོ་དབུལ་པོ་ཁྲི་12.29ལ་དྲ་ཆེན་ཁྱབ་ཚད་དེ་98%ལྷག་ཙམ་ཟིན་རྒྱུ་ལ་སོགས་རེད། བཟོ་འཕྲིན་ཅན་པུས་ཉེ་ཆར་《དྲ་རྒྱའི་དབུལ་སྐྱོར་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི(2018—2020ལོ)》ཡི་བརྡ་ཐོ(གཤམ་ལ་《བརྡ་ཐོ་》ཞེས་བསྡུ་རྒྱུ)བཏང་ནས་སླད་ཕྱིན་ལོ་གསུམ་རིང་གི་དྲ་རྒྱའི་དབུལ་སྐྱོར་གྱི་ལས་འགན་དང་དམིགས་ཚད་ཁ་གསལ་བཏོན་ཡོད་པ་རེད།
          བརྡ་ཐོའི་ནང་བཏོན་དོན། “ལྗོངས་གསུམ་དང་ཀྲོའུ་གསུམ”(བོད་ལྗོངས་དང་། ཞིང་ཆེན་བཞིའི་བོད་རིགས་ས་ཁུལ། ཤིན་ཅང་ལྷོ་རྒྱུད་ས་ཁུལ་བཞིའི་ཀྲོའུ། སི་ཁྲོན་ལེང་ཧྲན་ཀྲོའུ། ཡུན་ནན་རྒྱལ་མོ་རྔུལ་ཆུ་ཀྲོའུ། ཀན་སུའུ་ལིན་ཞ་ཀྲོའུ)སོགས་ཤིན་ཏུ་དབུལ་པོའི་ས་ཁུལ་དང་ཁོངས་གཏོགས་གཏན་འཁེལ་གྱི་རོགས་སྐྱོར་རྫོང་ཁག་གཅིག གཡན་ཧྲན་ནས་ཐའེ་ཞིང་ཧྲན་བར་གྱི་ཡུག་འབྲེལ་རྫོང་བཅས་གཙོ་གནད་དུ་བྱེད་པ་དང་། དྲ་རྒྱའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་ཚད་བརྒལ་སར་བྱེད་པ། དྲ་རྒྱའི་དབུལ་སྐྱོར་གྱི་བཀོལ་སྤྱོད་མགྱོགས་པོ་བྱེད་རྒྱུ་ཁ་ཕྱོགས་སུ་བྱེད་པ་བཅས་ཀྱི་ཐོག་ནས་ཕྱོགས་ཁག་གི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐོང་འཐེན་གང་ལེགས་བྱེད་པ་དང་གྲོང་ཁྱེར་དང་གྲོང་གསེབ་དབར་གྱི“གྲངས་ཀའི་ཧེ་བག”རྒྱུན་ཆད་མེད་པར་ཆུང་དུ་བཏང་ནས་གནད་སྨིན་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་སྲ་ཞིང་བརྟན་པའི་དྲ་རྒྱའི་འདེགས་སྐྱོར་མཁོ་འདོན་བྱེད་དགོས།
          གྲོང་ཚོ་དབུལ་པོར་དྲ་ཆེན་ཤར་གཏོང་བྱེད་པའི་འཕེལ་རིམ་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ནས་བརྡ་ཐོའི་ནང་ཕྱོགས་གསུམ་གྱི་ཐད་ནས་བླང་བྱ་ཁ་གསལ་བཏོན་པ་སྟེ། གཅིག་ནས་གྲོང་ཚོ་དབུལ་པོར་དྲ་ཆེན་ཤར་གཏོང་བྱེད་པའི་རྩིས་ཐོ་གནད་སྨིན་ངང་བཟོས་ཏེ་ཡིག་ཚགས་དང་གཱ་བཟོས་པའི་གྲོང་ཚོ་དབུལ་པོར་འོད་སྐུད་དང་4Gདྲ་བ་ཤར་གཏོང་བྱེད་ཚུལ་དང་གློག་འཕྲིན་གྱི་ཡོངས་ཁྱབ་ཞབས་ཞུའི་ནང་འཇུག་རྒྱུར་རྒྱབ་སྐྱོར་བྱེད་ཚུལ་ཕྱོགས་ཡོངས་ནས་ཤེས་རྟོགས་བྱས་ཏེ་གནས་ཚུལ་ཐོན་རིམ་བཞིན་རྗེས་འདེད་བཏང་ནས་འཕྲལ་དུ་གསར་བརྗེ་བྱེད་དགོས་པ་དང་། གཉིས་ནས་གློག་འཕྲིན་གྱི་ཡོངས་ཁྱབ་ཞབས་ཞུའི་ཚོད་ལྟའི་ས་ཚིགས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་གྲོང་ཚོ་དབུལ་པོ་ཁྲི་4.3ལ་འོད་སྐུད་དྲ་བ་འཛུགས་སྐྱོང་བྱེད་པའི་གོམ་སྟབས་མགྱོགས་སུ་བཏང་ནས་ལས་འགན་དུས་བཀག་ལྟར་དང་སྤུས་ཚད་ལྟར་ལེགས་འགྲུབ་ཡོང་བའི་འགན་ལེན་བྱེད་དགོས་པ། གསུམ་ནས་4Gདྲ་བ་ཁྱབ་པའི་འཕེལ་རིམ་མགྱོགས་སུ་གཏོང་བ་དང་། གྲོང་ཚོ་དབུལ་པོར་4Gདྲ་བ་ཁྱབ་རྒྱུ་སྔོན་ལ་འགན་ལེན་བྱེད་པ། རྨང་གཞིའི་གློག་འཕྲིན་ཁེ་ལས་ལ་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་སྐུལ་མ་གཏོང་བ་བཅས་ཀྱི་ཐོག་ནས་དྲ་ཆེན་ཆ་རྐྱེན་ཡོད་པའི་རང་བྱུང་གྲོང་ཚོ་དབུལ་པོར་སྔར་བས་སྣུར་སྲིང་གཏོང་དགོས་པ་བཅས་སོ།
           བརྡ་ཐོའི་ནང་བཏོན་དོན། 2020ལོར་སླེབས་སྐབས་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོར་མྱུར་བགྲོད་དང་མ་གནས་དམའ་བའི་དྲ་བའི་ཞབས་ཞུ་སྟབས་བདེ་ལ་མགྱོགས་མྱུར་སྦྲེལ་མཐུད་བྱེད་རྒྱུའི་འགན་ལེན་བྱེད་པ་དང་། རིགས་ཁག་གི་དྲ་བས་གཞི་རྩའི་དྲ་བ་བཀོལ་སྤྱོད་བྱེད་པའི་དགོས་མཁོ་འགན་ལེན་བྱས་ནས་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཚང་མར་གྲོང་གསེབ་ཀྱི་དྲ་ཐོག་ཚོང་ཁང་དང་། རྒྱང་ཁྲིད་སློབ་གསོ། རྒྱང་ཁྲིད་སྨན་བཅོས་སོགས་སྤུས་ལེགས་ཀྱི་སྤྱི་པའི་ཞབས་ཞུ་ལོངས་སུ་སྤྱོད་རྒྱུ་ཡོང་བ་དང་ཁྱིམ་ཚང་དབུལ་སྒྲོལ་ཐུབ་པ་བྱེད་དགོས།
      

    ཕྱོགས་བསྡུས་གསར་འགྱུར།