འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།འདི་ལོ་རྒྱལ་ཡོངས་ཀྱི་དབྱར་འབྲུར་སླར་ཡང་ལོ་ལེགས་ཡོང་རེ་ཡོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་08ཉིན། 10:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཚེས་6ཉིན་བར། རྒྱལ་ཡོངས་ཀྱི་དབྱར་འབྲུར་ལོ་ལེགས་བཅུ་ཆ་ལྔ་ཙམ་བྱུང་ཡོད། ཞིང་ལས་དང་གྲོང་གསེབ་པུའུ་ཡི་ཞིང་ལས་བཀོད་གཏོང་བྱ་ཚུལ་དང་ས་གནས་ས་ཐོག་གི་བརྟག་དཔྱད་དབྱེ་ཞིབ་ལ་གཞིགས་ན། འདི་ལོ་དབྱར་འབྲུར་སླར་ཡང་ལོ་ལེགས་བྱུང་བའི་ལོ་ཞིག་ཡིན་པས་བཟའ་འབྲུ་འདང་ངེས་ཡོང་བར་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།
          དབྱར་འབྲུ་གཙོ་བོ་ནི་གྲོ་ཡིན་ཞིང་། ཞིང་ལས་དང་གྲོང་གསེབ་པུས་ཚོད་རྩིས་བྱས་པར་གཞིགས་ན། འདི་ལོ་རྒྱལ་ཡོངས་ཀྱི་དབྱར་འབྲུ་འདེབས་ཁྱོན་མུའུ་དུང་ཕྱུར་4.08ཟིན་པ་དེ་ན་ནིང་དང་བསྡུར་ན་ཅུང་ཆག་ཡོད། དེ་དང་དུས་མཚུངས་མུའུ་རེའི་ཐོན་ཚད་ཀྱང་ཅུང་ཆག་ཡོད། མུའུ་རེ་ནས་ཐོན་འབབ་ཉུང་དུ་ཕྱིན་པའི་རྒྱུ་རྐྱེན་གཙོ་བོ་ནི་དགུན་ཁ་མ་ཤར་གོང་གི་ལྗང་པ་སྐྱེ་འཚར་ཅུང་ཞན་པའི་ཁར་གྲོ་འདེབས་ཚགས་མཐུག་པོ་མེད་པ་དེས་འབྲུ་རྡོག་ཉུང་དུ་ཕྱིན་པ་དང་། ཟླ་བཞི་པའི་ཟླ་སྟོད་དུ་རྨ་ཆུ་དང་ཧོའེ་ཧོ་གཙང་པོའི་བྱང་རྒྱུད་སོགས་སུ་དྲོད་ཚད་ཤུགས་ཆེན་ཆག་པའི་གནམ་གཤིས་བསྟན་ནས་གྲོ་སྙེ་འབུས་པའི་འགག་རྩའི་དུས་སྐབས་དང་འཁེལ་བ་དེས་གྲོ་ཞིང་གི་སྙེ་མ་ཁག་གཅིག་ལ་འཁྱགས་པ་ཐེབས་ནས་འབྲུ་རྡོག་ཉུང་དུ་ཕྱིན་པས་རེད།
         དེ་ལྟར་ཡིན་རུང་འདི་ལོ་དབྱར་འབྲུར་སྔར་བཞིན་ལོ་ལེགས་བྱུང་ཡོད། ཞིང་ལས་དང་གྲོང་གསེབ་པུའི་འབྲེལ་ཡོད་འགན་འཁུར་བས་དེ་ནི་ཀྲུང་དབྱང་གིས་འབྲུ་རིགས་དང་ཞིང་ལས་ཐོན་སྐྱེད་ལ་མཐོང་ཆེན་པོ་གནང་བ་ལས་བྱུང་བ་ཡིན་ལ། ས་གནས་ཁག་དང་རིམ་ཁག་ཞིང་ལས་སྡེ་ཚན་གྱིས་ཀྲུང་དབྱང་གི་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ནས་ལས་དོན་སྒྲུབ་ཤུགས་ཆེ་རུ་བཏང་བ་དང་། བྱ་ཐབས་ལ་ཤུགས་སྣོན་བརྒྱབ་པ། འབྲུ་རིགས་ཐོན་སྐྱེད་བརྟན་པོ་དང་བཟང་སྒྲིག་ཧུར་ཐག་བྱས་པ་ལས་བྱུང་བ་ཞིག་ཀྱང་རེད་ཅེས་བརྗོད།
          ཕྱོགས་གཅིག་ནས་སྲིད་ཇུས་ཀྱི་ཁྲིད་སྟོན་ནུས་པ་མངོན་གསལ་དོད་ཅིང་། འདི་ལོ་རྒྱལ་ཁབ་ཀྱིས་གྲོ་ཉོ་སྒྲུབ་ཀྱི་རིན་གོང་དམའ་ཤོས་རྒྱ་མ་རེ་ནས་སྒོར་0.03བཅག་ནའང་མཐིལ་འདེགས་ཀྱི་ནུས་པ་མངོན་གསལ་དོད་པ་དང་གྲོའི་ཁྲོམ་རའི་རིན་གོང་བརྟན་པོ་རྒྱུན་འཁྱོངས་ཐུབ་ནས་ཞིང་པའི་གྲོ་འདེབས་ཡོང་འབབ་སྔོན་དཔག་བྱས་ན་བརྟན་པོ་ཡོད་པ་དང་། གཅིག་ཤོས་ནས་ཚན་རྩལ་གྱི་འདེགས་སྐྱོར་ནུས་པ་ཆེ་རུ་ཕྱིན་ཞིང་། གྲོ་ནི་འབྲུ་རིགས་གཙོ་བོ་གསུམ་གྱི་ཁྲོད་ནས་ལག་རྩལ་གཅིག་སྡུད་བྱེད་ཚད་མཐོ་ཤོས་དང་འཕྲུལ་ཆས་ཅན་དུ་འགྱུར་ཚད་མཐོ་ཤོས་ཡིན་པ་དང་ལྷག་པར་དུ་རྨ་ཆུ་དང་ཧོའེ་ཧོ་གཙང་པོའི་ཁུལ་དུ་འཕྲུལ་ཆས་ལ་བརྟེན་ནས་ལས་ཀ་བྱ་རྒྱུ་གཞི་རྟེན་དུ་བྱེད་པའི་ཞིང་འཕྲུལ་དང་ཞིང་འདེབས་ཟུང་དུ་འབྲེལ་བའི་ལག་རྩལ་རྣམ་པ་ཞིག་ཆགས་ཡོད།
         འདི་ལོ་དབྱར་འབྲུའི་ཐོན་སྐྱེད་ལ་ཁྱད་ཆོས་འགའ་ཞིག་ཡོད་པ་ནི། གཅིག་ནས་ལྗང་མདོག་འཕེལ་རྒྱས་མྱུར་པོ་བྱུང་ནས་ཀྲུང་ཧྭ་བྱང་རྒྱུད་དང་ཤིན་ཅང་ཐ་ལི་མུ་གཙང་པོའི་ས་འོག་གི་ཆུ་ཤུགས་ཆེན་འཐེན་ཁུལ་གྱིས་གྲོ་ཞིང་གི་རྒྱ་ཁྱོན་མུའུ་ཁྲི་200ལྷག་ཙམ་ཉུང་དུ་དང་། ལྷོ་ནུབ་དང་ནུབ་བྱང་གི་གྲོ་སྙེའི་བཙའ་ནད་ཀྱི་འབུ་ཕྲ་འབྱུང་ཁུངས་ཁུལ་གྱིས་གྲོ་ཞིང་མུའུ་ཁྲི་70ལྷག་ཙམ་ཉུང་དུ་བཏང་བ་དང་། གཉིས་ནས་སྤུས་ཀ་ལེགས་པའི་བསྡུར་ཚད་མཐོ་རུ་ཕྱིན་ཏེ་ཁྲོམ་རར་ཁ་ཐང་བའི་སྤུས་ལེགས་ཆེད་སྤྱོད་གྲོའི་རྒྱ་ཁྱོན་30%ཟིན་པ་དེ་ལོ་གོང་མ་ལས་བརྒྱ་ཆའི་གྲངས་2.5མཐོ་རུ་སོང་བ། གསུམ་ནས་མ་གནས་གྲོན་ཆུང་དང་ཕན་འབྲས་ཆེ་རུ་མངོན་གསལ་དོད་པོ་ཕྱིན་ཏེ་ཆུ་དང་། ལུད། ཞིང་སྨན་གྲོན་ཆུང་སོགས་ཀྱི་ལག་རྩལ་རྣམ་པ་གཅིག་སྡུད་ཁྱབ་གདལ་བཏང་ནས་ཆུ་གྲོན་ཆུང་ཐུབ་པའི་གྲོའི་འདེབས་ཁྱོན་20%ཟིན་པ་དེ་ལོ་གོང་མ་ལས་བརྒྱ་ཆའི་གྲངས་8མཐོ་རུ་སོང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།