འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་གྱི་དཔེ་མཚོན་
    གྱོད་དཔེ་ཁག་4བརྡ་ཁྱབ་བཏང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་06ཉིན། 12:15】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། གཞི་རིམ་གྱི་རུལ་སུངས་གནད་དོན་བཅོས་སྒྲིག་གི་དམ་བསྒྲགས་ཤུགས་ཆེར་གཏོང་ཆེད། མཚོ་སྔོན་ཞིང་ཆེན་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ཉེ་ཆར་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་གྱི་དཔེ་མཚོན་གྱོད་དཔེ་4དམར་འདོན་བྱས་པ་རེད།
          མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་རྐང་ཚ་རྫོང་མི་དམངས་འཐུས་ཚོགས་ཀྱི་དེ་སྔའི་ཀྲུའུ་རེན་གཞོན་པ་ཤེ་ཅུན་གྱིས་དབུལ་སྐྱོར་མ་དངུལ་བཙན་ཉར་དང་། གཡོ་ལེན། ཧམ་བཟུང་བཅས་བྱས་པའི་གནད་དོན་ཏེ། 2011ལོའི་ཟླ་1པོ་ནས་2014ལོའི་ཟླ་2པའི་བར་ཤེ་ཅུན་གྱིས་རྐང་ཚ་རྫོང་སྐྱིད་སྨོན་ཤང་གི་ཏང་ཨུད་ཧྲུའུ་ཅི་བྱེད་རིང་། དབུལ་སྐྱོར་དང་ཞིང་འབྲེལ་ཁྱབ་ཁོངས་ཀྱི་མ་དངུལ་སྒོར་ཁྲི་940ལྷག་ཙམ་བཙན་ཉར་དང་གཡོ་ལེན་བྱས་པ་དང་དབུལ་སྐྱོར་ཆེད་དོན་མ་དངུལ་སྒོར་ཁྲི་80.4ཧམ་ཟ་བྱས་པ་རེད། 2018ལོའི་ཟླ་1པོར་ཤེ་ཅུན་ཏང་གི་སྐྱིད་སྡུག་དང་གཞུང་གི་ལས་གནས་ལས་ཕྱིར་འབུད་བྱས་པ་དང་སྦྲགས། ཁྲིམས་འགལ་ཉེས་གསོག་དང་འབྲེལ་བ་ཡོད་པའི་གནད་དོན་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུར་རྩིས་སྤྲད་པ་རེད།
          མཚོ་ཤར་གྲོང་ཁྱེར་གྲོ་ཚང་ཆུས་རྟ་ར་ཤང་ཁྲུན་ས་གྲོང་ཚོ་དང་རྟ་ར་གཤོང་གྲོང་ཚོའི་ལས་བྱེད་པས་མ་མཐའི་འཚོ་བ་འགན་ལེན་གྱི་མ་དངུལ་སྒྲིག་འགལ་ངང་བགོ་བཤའ་བརྒྱབ་པའི་གནད་དོན་ཏེ། 2013ལོ་དང་2014ལོར་ཁྲུན་ས་གྲོང་ཚོའི་ཧྲེ་གསུམ་པས་ལོ་གཉིས་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་དངུལ་ཁྱོན་སྒོར་ཁྲི་8.06ཞིང་དུད་35ལ་བགོ་བཤའ་བརྒྱབ་པ་དང་། 2015ལོ་དང་2016ལོར་རྟ་ར་གཤོང་གྲོང་ཚོའི་ལོ་གཉིས་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་དངུལ་དང“དུས་ཆེན་གཉིས”ཀྱི་ཁ་གསབ་རོགས་དངུལ་བསྡོམས་སྒོར་ཁྲི་31.86ཁག་ཐེངས་གཉིས་ལ་བགོས་ནས་ཞིང་དུད་63ལ་སྤྲད་པ་རེད། ཁྲུན་ས་གྲོང་ཚོ་དང་རྟ་ར་གཤོང་གྲོང་ཚོའི་ལས་བྱེད་པར་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་ཕོག་པ་དང་2018ལོའི་ཟླ་3པར་སྐབས་དེ་དུས་རྟ་ར་ཤང་གི་ཤང་ཀྲང་གཞོན་པ་ཡིན་པའི་ཞུས་ཧྲང་ཀྲེན་དང་ལི་ལིས་ཕིང་ལ་ལྟ་སྐུལ་དོ་དམ་ཡག་པོ་མ་བྱས་པའི་རྐྱེན་གྱིས་ཏང་ནང་ཁུལ་དུ་ཐ་ཚིག་སྒྲོག་པའི་ཆད་པ་ཕོག་པ་རེད།
          རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་ཉིན་མཐའ་གྲོང་རྡལ་འབྲུག་ལུང་གྲོང་ཚོའི་ཏང་ཀྲི་པུའི་དེ་སྔའི་ཧྲུའུ་ཅི་སྟོབས་ལྡན་རྒྱ་མཚོས་རྒྱལ་ཁབ་ཀྱི་དབུལ་སྐྱོར་ཆེད་དོན་མ་དངུལ་གཡོ་ལེན་བྱས་པའི་གནད་དོན་ཏེ། 2015ལོའི་ཟླ་8པ་ནས་ཟླ་12པའི་བར་འབྲུག་ལུང་གྲོང་ཚོས་གྲོང་ཚོ་ཧྲིལ་པོར་ལུའུ་ཧྲ་འབྲུ་སྣུམ་ཕྱིར་ཚོང་ཁྲོམ་ར་འཛུགས་སྐྲུན་གྱི་རྣམ་གྲངས་ལ་སྐུལ་འདེད་གཏོང་སྐབས་སྐབས་དེ་དུས་ཀྱི་གྲོང་ཚོ་ཏང་ཀྲི་པུའི་ཧྲུའུ་ཅི་སྟོབས་ལྡན་རྒྱ་མཚོས་རྣམ་གྲངས་ཨར་སྐྲུན་ཕྱོགས་དང་ངན་འབྲེལ་བྱས་ནས་གན་རྒྱ་རྫུས་མ་བཟོས་ཏེ་རྒྱལ་ཁབ་ཀྱི་དབུལ་སྐྱོར་ཆེད་དོན་མ་དངུལ་གཡོ་ལེན་བྱས་པ་དང་འབྲེལ། གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་བློ་གྲོས་རྒྱ་མཚོ་དང་མཉམ་དུ་སྒྲིག་འགལ་ངང་དབུལ་སྐྱོར་ཆེད་དོན་མ་དངུལ་སྒོར་ཁྲི་150སྔ་རྗེས་སུ་གཡོ་ལེན་བྱས་ནས་སྒོར་ཁྲི་16.67ལྐོག་ཟ་དང་སྒེར་སྤྱོད་བྱས་པ་དང་སྒོར་ཁྲི་42.92སྒེར་ཉར་བྱས་པ་རེད། 2017ལོའི་ཟླ་11པར་སྟོབས་ལྡན་རྒྱ་མཚོ་ཏང་གི་སྐྱིད་སྡུག་ལས་ཕྱིར་འབུད་བྱས་པ་དང་འབྲེལ་ཡོད་ཁྲིམས་འགལ་གནད་དོན་ཁྲིམས་འཛིན་ལས་ཁུངས་ལ་ཐག་གཅོད་བྱ་རྒྱུར་རྩིས་སྤྲད་པ་མ་ཟད་སྒྲིག་འགལ་ཁྲིམས་འགལ་གྱི་མ་དངུལ་བདའ་འདེད་བཏང་བ་རེད།
          ཟི་ལིང་གྲོང་ཁྱེར་ཏ་ཐུང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ལེང་ཇོ་ཤང་སུང་ལིན་གྲོང་ཚོ་ཏང་ཀྲི་པུའི་དེ་སྔའི་ཧྲུའུ་ཅི་མ་ཧྲི་ལེང་དང་གྲོང་ཚོ་ཨུ་ལྷན་གྱི་དེ་སྔའི་ཀྲུའུ་རེན་ཀྲའོ་ཡིའུ་ཧྥུའུ་ཡིས་སྒྲིག་འགལ་ངང་འགྲོ་གྲོན་བསྡུས་པ་དང་། ཁ་གསབ་དངུལ་རྫུན་ཞུ་དང་ལྐོག་ཏུ་བགོས་པ། གཉེན་ཉེ་དུར་ཕྱོགས་ཞེན་བྱས་པ་སོགས་ཀྱི་གནད་དོན་ཏེ། 2007ལོ་དང་2010ལོ་ནས་2015ལོ་བར་སུང་ལིན་གྲོང་ཚོར“ཁང་པ་གཉིས”འཛུགས་སྐྲུན་སོགས་ཀྱི་རྣམ་གྲངས་ལག་བསྟར་བྱེད་སྐབས་སྒྲིག་འགལ་ངང་རྣམ་གྲངས་དུད་ཚང་ནས་མ་དངུལ་ཁྱོན་སྒོར་ཁྲི་10.08བསྡུས་ཏེ་གྲོང་དོན་གྱི་གཏོང་སྒོར་སྤྱད་པ་རེད། 2009ལོ་ནས་2016ལོ་བར་གྲོང་ཚོ་ཨུ་ལྷན་གྱིས་ཁང་པ་བརྒྱབ་མེད་པའི་དུད་ཚང་15ལ་སྒྲིག་འགལ་ངང་བྱ་དགའི་རང་བཞིན་གྱི་སྡོད་ཁང་ཁ་གསབ་རོགས་དངུལ་སྒོར་ཁྲི་7.5སྤྲད་པ་དང་“ཁང་པ་གཉིས”ཀྱི་ཁ་གསབ་རོགས་དངུལ་སྤྲོད་རྒྱུའི་དུད་ཚང་16གི་ཁ་གསབ་རོགས་དངུལ་སྒོར་ཁྲི་13.29ཚང་མ་སྒྲིག་འགལ་ངང་ཞིང་དུད་གཞན་དག་ལ་སྤྲད་པ་རེད། 2008ལོ་ནས་2013ལོའི་རིང་མ་ཧྲི་ལེང་དང་ཀྲའོ་ཡིའུ་ཧྥུའུ་ཡིས་སྒྲིག་འགལ་ངང་མ་མཐའི་འཚོ་བ་འགན་ལེན་གྱི་དངུལ་སྒོར་ཁྲི་4.407བླངས་པ་དང་། སྒྲིག་འགལ་ངང་མི་གཉིས་པོའི་བཟའ་ཟླའི་མིང་ཐོག་ནས“ཁང་པ་གཉིས”འཛུགས་སྐྲུན་གྱི་ཁ་གསབ་རོགས་དངུལ་སྒོར་ཁྲི་4.84ལོངས་སྤྱོད་བྱས་པ། མི་གཉིས་པོས་སྒྲིག་འགལ་ངང་མཉམ་སྡེབ་ས་ཆའི་ཁ་གསབ་དངུལ་སྒོར་ཁྲི་3.894མི་སྒེར་གྱིས་སྤྱད་པ་དང་ས་ཆའི་ཁ་གསབ་དངུལ་སྒོར་ཁྲི་1.6རྫུན་ཞུ་བྱས་པ་དང་འབྲེལ་བགོ་བཤའ་བརྒྱབ་པ་རེད། 2018ལོའི་ཟླ་4པར་མ་ཧྲི་ལེང་དང་ཀྲའོ་ཡིའུ་ཧྥུའུ་ཏང་གི་སྐྱིད་སྡུག་ལས་ཕྱིར་འབུད་བཏང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།