འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་ལྗང་མདོག་འཕེལ་རྒྱས་ལ་བརྟེན་ནས་གྲོང་གསེབ་ཡུལ་སྐོར་གྱི་ཕྱུག་འགྱུར་གྱི་ལམ་བུ་འདིང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་06ཉིན། 11:15】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་གཏོང་བ་ནི་གྲོང་གསེབ་དར་རྒྱས་འཐབ་ཇུས་དོན་འཁྱོལ་བྱེད་པའི་ནང་དོན་གལ་ཆེན་ཞིག་ཡིན། མཚོ་སྔོན་བས་སྔོ་ཞིང་དྭངས་པའི་རི་ཆུའི་ཁྲོད་ནས“ཕྱུག་འགྱུར་མན་ངག”བཙལ་ཏེ་སྣོད་བཅུད་སྔོན་སྐྱོང་དང་ལྗང་མདོག་འཕེལ་རྒྱས་ཀྱི་གྲོང་གསེབ་ཀྱི་ཡུལ་སྐོར་ཕྱུག་འགྱུར་ལམ་བུ་ཞིག་བཏོད་ཡོད།
          རླངས་འཁོར་བསྡད་ནས་མཚོ་ཤར་གྲོང་ཁྱེར་ལེ་ཏུའུ་ཆུས་ཀའོ་མེའོ་གྲོང་རྡལ་ཤིན་ཀྲོང་གྲོང་ཚོའི་ལམ་ནས་སྐྱོད་སྐབས་ལམ་གཡས་གཡོན་གཉིས་ལོ་འདབ་རབ་ཏུ་རྒྱས་པའི་རྩྭ་རྩི་ཤིང་གིས་བརྒྱན་པ་མཐོང་བྱུང་།
         ལོ་ལྔའི་གོང་ཡུལ་འདིར་སྐྱ་ཐེར་ཐེར་གྱི་རི་བོ་དང་གྲོག་རོང་སྣ་ཚོགས་ལས་མི་ཕར་འགྲོ་ཚུར་འོང་བྱེད་པ་ཧ་ལམ་མཐོང་རྒྱུ་མེད། གང་ལགས་ཤེ་ན། ས་གནས་དེ་གའི་ཐོན་ཁུངས་སྔོག་འདོན་ཡག་པོ་མ་བྱུང་བའི་དབང་གིས་མི་རྣམས་ཕྱིར་གླ་པར་སྐྱོད་རྒྱུ་ལས་མེད་པས་རེད།
         “སྔོ་ཞིང་དྭངས་པའི་རི་ཆུ་མེད་ན་གསེར་རི་དངུལ་རི་གང་ནས་ཡོང་སྲིད”2013ལོ་ནས་བཟུང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ལི་ལན་ཧོ་ཡིས་འབད་བརྩོན་ལྷོད་མེད་བྱས་ཤིང་། རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི་1000ལྷག་ཙམ་བཏང་སྟེ་ཤིན་ཀྲོང་གྲོང་ཚོའི་མཐའ་འཁོར་གྱི་རི་རྒོད་མུའུ་2000སྔོ་ལྗང་ཅན་དུ་སྒྱུར་འགོ་བཙུགས་པ་རེད།
         རི་བོ་སྔོ་ལྗང་དུ་གྱུར་ལ་ཤིན་ཀྲོང་གྲོང་ཚོ་ཡང་མཛེས་སུ་སོང་ཞིང་། 2015ལོར་ལི་ལན་ཧོ་ཡིས་མཛེས་པའི་གྲོང་གསེབ་འཛུགས་སྐྲུན་ནང་ཞུགས་ཏེ་ཤིན་ཀྲོང་གྲོང་ཚོར་སྤྲོ་གསེང་དང་། ལྟ་སྐོར། ཞིང་པའི་སྤྲོ་སྐྱིད་ཁང་བཅས་གཞི་གཅིག་ཏུ་བསྡུས་པའི་མའོ་ཀྲའེ་མཛེས་ལྗོངས་ཁུལ་བཏོད་པ་ལས་མི་བརྒྱ་གྲངས་སྒོ་རྩ་ནས་ལས་ཞུགས་ཐུབ་ལ་མི་རེར་ལོ་རེར་ཆ་སྙོམས་ཡོང་འབབ་ཀྱང་སྒོར་ཁྲི་3ལྷག་ཙམ་བྱུང་ཡོད།
          “དེང་དུས་ཀྱི་ཤིན་ཀྲོང་གྲོང་ཚོ་འདི་ཉིད་སྔོན་མའི་མདོག་སྐྱོ་ཤ་རིད་ཀྱི‘བུ་དབུལ་པོ’ནས་སྔོ་མདངས་རབ་ཏུ་རྒྱས་པའི‘ཕྱུག་མཛེས་མ’ཞིག་ཏུ་གྱུར་ཡོད”ལི་ལན་ཧོ་ཡིས་ད་ཆ་གྲོང་མི་ཚོར་ལྗོན་ཤིང་འདེབས་དགོས་ཀྱི་འདུག་ཅེས་བརྗོད་མ་ཐག་ཚང་མས་འཚང་ཁ་ཤིག་ཤིག་ངང་ཡོང་གི་འདུག གང་ལགས་ཤེ་ན་ཁོང་ཚོས་སྔོ་ཞིང་དྭངས་པའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་གནས་ལུགས་རྟོགས་པས་རེད་ཅེས་བཤད་བྱུང་།
          མཚོ་སྔོན་ཞིང་ཆེན་གྱི་རི་ཁུལ་དབུལ་པོར་སྣོད་བཅུད་ཀྱི་གནད་དོན་དེ་རྟག་ཏུ་དབུལ་པོ་དང་སྦྲགས་ནས་ཐོན་གྱི་ཡོད། དབུལ་པོའི་གནས་ལས་བསྒྲལ་ཏེ་གྲོང་གསེབ་དར་རྒྱས་ཡོང་བ་བྱེད་དགོས་ན་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་དེ་རང་ལས་མེད།
         ཆ་སྙོམས་ས་བབ་མཐོ་ཚད་སྨི་2700ཙམ་ཡོད་པའི་ཟི་ལིང་གྲོང་ཁྱེར་ཙོང་ཁ་རྫོང་གི་གཱ་དབྱང་གྲོང་ཚོར་ཞིང་པ་ཚོས་ལོ་ཏོག་རྒྱ་ཆེན་པོ་བཏབ་ནའང་ཐོན་འབབ་དམའ་པོ་ལས་མེད་པ་དང་དེ་བཞིན་ས་ཆུ་ཤོར་བའི་གནས་ཚུལ་ཡང་ཚབས་ཆེན་པོ་ཡོད།
          2015ལོར་གྲོང་སྡོད་ཧྲུའུ་ཅི་ཨང་དང་པོ་པའོ་ཝུའུ་ཀྲང་གིས་ཡུལ་དེ་གའི་གདོད་མའི་ནགས་ཁུལ་ལ་བརྟེན་ནས་གྲོང་མི་རྣམས་ཀྱི་སྣེ་ཁྲིད་དེ་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་གཏོང་འགོ་བཙུགས་པ་རེད། ཐང་རྒོད་དུ་མེ་ཏོག་གིས་ཁེངས་པ་དང་གྲོང་གསེབ་མཛེས་ལྗོངས་ཁུལ་དུ་གྱུར་པ་མ་ཟད། གཱ་དབྱང་གྲོང་ཚོས་ཀྱང་སྔོན་ཆད་གནམ་ཆུར་བརྟེན་པ་ནས་ད་ཆ་སྔོ་ལྗང་རི་བོར་བརྟེན་ནས་འཚོ་བ་སྐྱེལ་འགོ་ཚུགས་ཡོད།
          ད་ཆ་ཞིང་ཆེན་གྱིས་གཏན་འཁེལ་བྱས་པའི་གྲོང་ཚོ་དབུལ་པོ་དེའི་མི་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་2015ལོའི་སྒོར་3000ཡས་མས་ནས་ད་ཆ་སྒོར་ཁྲི་གཅིག་ཡན་བར་འཕར་ཏེ་དབུལ་སྒྲོལ་གྱི་དམིགས་ཚད་བརྟན་པོའི་ངང་མངོན་འགྱུར་ཐུབ་ཡོད། “སྣོད་བཅུད་ཀྱི་ཟས”བཟའ་རྒྱུ་བྱུང་བའི་གཱ་དབྱང་གྲོང་ཚོའི་གྲོང་མི་ཚོས་ཀྱང་སྣོད་བཅུད་ནགས་སྲུང་པའི་འགན་རང་འགུལ་ངང་ཁུར་ཏེ་གནས་འདི་གའི་དྭངས་ཤིང་གཙང་བའི་རི་ཆུ་བརྟན་སྲུང་བྱས་པས་ས་ཆུ་ཤོར་སྐྱོན་དེ་ཡང་སྔོན་མའི་གནས་ཚུལ་ཞིག་ཏུ་གྱུར་ཡོད་པ་རེད།
          པའོ་ཝུའུ་ཀྲང་གིས“ལྗང་མདོག་ནི་གྲོང་གསེབ་ཡུལ་སྐོར་གྱི་ཆོ་གདན་དུ་ཡོད་པས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་བསྲུངས་ཚེ་སྣོད་བཅུད་ལ་བརྟེན་ནས་ཡུལ་སྐོར་བའི་ཡིད་དབང་འགུག་ཐུབ་ལ་ཁོར་ཡུག་ལ་བརྟེན་ནས་རྒྱུ་ནོར་གཅིག་སྡུད་ཀྱང་བྱེད་ཐུབ་ངེས་ཡིན”ཞེས་བཤད།
          གྲོང་གསེབ་ཡུལ་སྐོར་ཐོན་ལས་སྤེལ་སྟངས་རིམ་སྤོར་བྱ་ཆེད། པའོ་ཝུའུ་ཀྲང་གིས་ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་སྣོད་བཅུད་ལ་བརྟེན་ནས་སྒུལ་ཤུགས་འཕེལ་བར་བྱས་ཤིང་། 2017ལོ་ནས་ད་ལྟའི་བར་པའོ་ཝུའུ་ཀྲང་གི་འབད་བརྩོན་ལྷོད་མེད་དང་རིམ་ཁག་སྲིད་གཞུང་གི་རྒྱབ་སྐྱོར་འོག རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི་ཆིག་སྟོང་ལྷག་ཙམ་བཏང་སྟེ་གཱ་དབྱང་གྲོང་ཚོའི་རི་རྒོད་ཐོག་རི་ཁམ་མུའུ་3400འདེབས་འཛུགས་བྱས་པ་རེད།
          “རི་ཁམ་མུའུ་3400འདེབས་འཛུགས་བྱས་པ་ལས་རི་རྒོད་སྔོ་ལྗང་ཅན་དུ་གྱུར་པ་དང་། ཡུལ་སྐོར་བར་རི་ཁམ་འཐུ་རྒྱུ་བྱུང་བ་མ་ཟད། ད་དུང་ཡུལ་སྐོར་བའི་མྱོང་རོལ་ནང་དོན་ཡང་ཕུན་སུམ་ཚོགས་སུ་སོང་ཡོད”སྣོད་བཅུད་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོར་སྲུང་བ་དང་ལྗང་མདོག་འཕེལ་རྒྱས་ལག་བསྟར་བྱས་ཚེ་གཞི་ནས་སྔོ་ཞིང་དྭངས་པའི་རི་ཆུ་མང་ཚོགས་ཕྱུག་པོར་འགྱུར་བའི་རྒྱབ་རྟེན་དུ་དངོས་སུ་འགྱུར་ཐུབ་ཅེས་པའོ་ཝུའུ་ཀྲང་གིས་མྱོང་ཚོར་ཟབ་མོས་བཤད།
           མཚོ་སྔོན་ཞིང་ཆེན་དུ་མི་འབོར་དབུལ་པོ་མང་ཆེ་བ་ཤར་རྒྱུད་ཀྱི་སྐམ་ཤས་ཆེ་བའི་རི་ཁུལ་དང་མཚོ་སྔོན་ལྷོ་རྒྱུད་ཀྱི་མཐོ་གྲང་ཆེ་བའི་འབྲོག་ཁུལ་དུ་འཚོ་སྡོད་བྱེད་ཀྱི་ཡོད། ཡུལ་དེའི་སྣོད་བཅུད་ཞན་པ་དང་། གནམ་གཤིས་གྲང་ངར་ཆེ་བ། ཞིང་པའི་འབབ་ཁུངས་རྐྱང་པ་ཡིན་པ། ཐོན་ལས་ཀྱི་རྨང་གཞི་ཞན་པོ་ཡོད། དཔལ་འབྱོར་གྱི་ལས་རྣམ་གསར་པ་ཞིག་ཡིན་པའི་གྲོང་གསེབ་ཡུལ་སྐོར་གྱི་མེ་ཏོག་མཚོ་སྔོན་གྱི་ས་ཆ་གང་སར་བཞད་ནས་ཤང་གྲོང་དར་རྒྱས་གཏོང་རིང་གི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད།
          “སྣོད་བཅུད་ཤེས་དཔལ་ནི་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་གཏོང་རིང་གི་རྩ་བ་ལྟ་བུར་གྱུར་ཡོད”མཚོ་སྔོན་ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་འཆར་འགོད་འཛུཌ་སྐྲུན་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ལི་ཞུས་ཧུའེ་ཡིས་མཚོ་སྔོན་ཞིང་ཆེན་དུ་མིག་སྔར་ཡུལ་ལྗོངས་ཁུལ་དང་སྣོད་བཅུད་ནུས་པའི་ཁུལ་མང་པོ་ཞིག་བསྐྱར་ཟློས་བྱུང་འདུག དེས་ན་སྲུང་སྐྱོང་སྔོན་ལ་འཇོག་རྒྱུའི་རྩ་དོན་དོན་འཁྱོལ་བྱ་ཆེད་ཀྲུང་གོ་ཚན་རིག་ཁང་ལ་《མཚོ་སྔོན་ཞིང་ཆེན་སྣོད་བཅུད་ཡུལ་སྐོར་འཕེལ་རྒྱས་ཀྱི་འཆར་གཞི་》བཟོ་རྒྱུའི་མངགས་བཅོལ་བྱེད་བཞིན་ཡོད། སླད་ཕྱིན་ལམ་ལུགས་ལ་བརྟེན་ནས་སྣོད་བཅུད་ཀྱི་རྨང་གཞི་བརྟན་དུ་གཏོང་རྒྱུ་དང་གྲོང་གསེབ་དར་རྒྱས་ཀྱི་ལམ་བུ་ཡག་པོ་འདིང་རྒྱུ་ཡིན་ཞེས་བཤད།
           ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་གྱིས་ན་ནིང་རིམ་རྩིས་བྱས་ན་ཁྱོན་མ་དངུལ་སྒོར་དུང་ཕྱུར་2.6བཏང་སྟེ་གྲོང་གསེབ་ཡུལ་སྐོར་གྱི་དབུལ་སྐྱོར་རྣམ་གྲངས་52ལག་བསྟར་བྱས་པའི་ཕན་པ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་3906གི་མི་14195ལ་ཐོབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།