འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་གཙང་གསུམ་ཆུ་འགོར་ལྗོན་ཤིང་བཙུགས་ནས་རྒྱལ་ཁབ་ཀྱི་སྣོད་བཅུད་
    བདེ་འཇགས་སྲུང་ཡོལ་ནུས་ཤུགས་ཡོད་རྒུས་སྐྲུན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་02ཉིན། 14:47】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ཟླ་5པའི་ཟླ་མཇུག་ཏུ། ཟི་ལིང་གི་བྱང་རིའི་ནགས་ཚལ་སྟུག་པོ་ཞིག་གིས་མི་རྣམས་ཀྱི་ཡིད་ཀྱི་བརྟན་པ་ཅིག་ཅར་དུ་འཕྲོག ཧའེ་ཐང་མེ་ཏོག་རབ་ཏུ་བཞད་པའི་དུས་ཚིགས་སུ་ལྷགས་ཕྱོགས་དང་བསྟུན་ནས་དྲི་བསུང་ལམ་ལམ་དུ་འཐུལ་བཞིན་མཆིས། ལི་ཧྲོང་ཁུན་གྱིས་མཚོ་སྔོན་གྱི་ལ་གླུ་ངག་ནས་ལེན་བཞིན་ནག་ཁྲོད་དུ་ས་གདན་ཞིག་བཏིང་ནས་ཇ་ནག་འཐུང་ཞོར་དགའ་བདེར་རོལ་ནས་གདོང་ནས་འཛུམ་མདངས་འཕྱུར།
           “རེ་སྒུག་ཡུན་རིང་བྱས་པའི་གནམ་གཤིས་དང་ཡུལ་ལྗོངས་འདི་ལྟ་བུ་གཞི་ནས་ཤར་སོང”ཞེས་འདི་ལོ་ལོ་73ལ་སླེབས་པའི་ལི་ཧྲོང་ཁུན་གྱིས་གསར་འགོད་པར་སྔོན་ཆད་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ“རི་སྟེང་དུ་རྩྭ་མི་སྐྱེ་བ་དང་། ལྷགས་པ་རྒྱག་སྐབས་རྡོ་རིལ་བ། ཆར་པ་བབས་སྐབས་ཤྭ་ལོག་རྒྱུག་གི་ཡོད”རྩྭ་རྐང་གཅིག་ཀྱང་མི་སྐྱེ་བའི་རི་སྟེང་དུ་ལྗོན་ཤིང་འཛུགས་རྒྱུ་ནི“ཟི་ལིང་བ་རྒན་གྲས”ཚོའི་ཚེ་གང་གི་ཕུགས་འདུན་རེད་ཅེས་བཤད།
           འོན་ཀྱང་གནམ་གཤིས་ལ་འགྱུར་ལྡོག་མང་བ་དང་ཐན་ཤོས་ཆེ་ཞིང་གྲང་ཟུག་ཆེ་བའི་མཚོ་བོད་ས་མཐོར་ལྗོན་ཤིང་སྔོ་ཐིང་ཐིང་ཞིག་འདེབས་རྒྱུ་ནི་ཁ་ནས་བཤད་པའི་ལས་སླ་པོ་ཞིག་གཏན་ནས་མེད། 1951ལོ་ནས་བཟུང་མཚོ་སྔོན་གྱིས་ཟི་ལིང་གྲོང་ཁྱེར་གྱི་ལྷོ་རི་དང་བྱང་རིར་ནགས་བཟོ་ཚོད་ལྟ་བྱས། འོན་ཀྱང་ལག་རྩལ་མི་འདང་བ་དང་མ་དངུལ་ཁ་ཐང་བས་ལྗོན་ཤིང་གསོན་ཚད་ཧ་ཅང་དམའ་པོ་རེད། 1978ལོར་མཚོ་སྔོན་གྱི་ས་ཁུལ་ཁག་གཅིག་རྒྱལ་ཁབ་ཀྱི་བྱང་གསུམ་ནགས་སྲུང་འཛུགས་སྐྱོང་ནང་བཅུག་པ་དང་། རིགས་གཅིག་མཁས་ཅན་མང་པོ་ཞིག་ས་གནས་དེ་གར་བསྐྱོད་དེ་ལག་རྩལ་གྱི་འགག་སྒྲོལ་ལས་དོན་སྤེལ་ཡོད། འོན་ཀྱང་ཚན་རིག་ལ་བརྟེན་ནས་ནགས་ཚལ་བསྐྲུན་རྒྱུ་ད་བར་མངོན་འགྱུར་བྱུང་མེད།
           1989ལོར་གནས་ཚུལ་ལ་འགྱུར་ལྡོག་བྱུང་ཞིང་། ལོ་དེའི་ཟླ་3པར། མཚོ་སྔོན་ཞིང་ཆེན་གྱིས་ལྷོ་རི་དང་བྱང་རིར་སྔོ་འགྱུར་བཀོད་འདོམས་པུའུ་འཛུགས་རྒྱུའི་གཏན་འཁེལ་བྱས་པ་དང་། ཚན་པ་100ལྷག་ཙམ་གྱིས་ས་ཚིགས་དང་ཡུག་འགན་གཙང་བླངས་ཏེ་ལྗོན་ཤིང་འདེབས་འཛུགས་བྱེད་འགོ་བཙུགས་པ་དང་། ལག་རྩལ་མི་སྣ་འབོར་ཆེན་ཞིག་སྡོང་ཕྲུག་ར་བར་རྒྱུན་སྡོད་བྱས་ཏེ་ལྷོ་རི་དང་བྱང་རི་སྔོ་ལྗང་ཅན་དུ་འགྱུར་རྒྱུར་མཛུབ་ཁྲིད་བྱས།
           ལོ་20ལྷག་ཙམ་རིང་། མི་ཁྲི་བཅུ་གྲངས་འགའ་ཤས་ཀྱིས“ལྕང་དོང་རེ་རེ་བཞིན་འདྲུད་དེ་ལྗོན་ཤིང་བཏབ”མཐར་ཟི་ལིང་གི་ལྷོ་རི་དང་བྱང་རིའི་རི་རྒོད་མུའུ་ཁྲི་20ཡི་སར་སྔོ་ལྗང་གོས་ཀྱིས་བརྒྱན། བྱེ་རླུང་དང་ཆུ་ལོག་རིམ་གྱི་ཉུང་དུ་སོང་ལ། གཤེར་ཚད་མཐོ་རུ་ཕྱིན་ནས་གནམ་གཤིས་ཡག་ཏུ་ཕྱིན་ཡོད། ས་མཐོ་བས་ཁོང་ཚོས་དཀའ་ལས་བརྒྱབ་པ་ཚང་མ་ནི་ངལ་བ་སྟོང་ཟད་ཅིག་མིན་པ་གསལ་པོར་ཤེས་ཀྱི་ཡོད།
           2010ལོར་སྔོན་ཆད་ཀྱི་ཉམས་མྱོང་ཕྱོགས་སྡོམ་དང་སྤུས་ལེགས་ཤིང་སོན་འདེབས་གསོ་བྱེད་པའི་རྨང་གཞིའི་ཐོག་མཚོ་སྔོན་གྱིས་མིག་རྒྱང་དེ་ས་བབ་མཐོ་ཚད་སྨི་3500ལྷག་ཙམ་དང་། “ལྗོན་ཤིང་ཆེས་མཐོ་སར་ཁྱབ་པ”ཞེས་གྲགས་པའི་གཙང་གསུམ་ཆུ་འགོའི་ལྟེ་བའི་ཁུལ་དུ་བལྟས།
            ཚང་མའི་རེ་བ་སྟོང་ཟད་དུ་མ་ཕྱིན་པར་མི་རྣམས་ཀྱིས་བཏབ་པའི་སྡོད་ཕྲུག་རྣམས་ས་བབ་མཐོ་སར་རྩ་བ་ཚུགས་ནས་མྱུ་གུ་འབུས་འགོ་ཚུགས། ལོ་མང་རིང་ལས་བྱེད་ལས་བཟོ་དང་། བཅའ་སྡོད་དམག་དཔུང་གི་དཔོན་དམག ཞིང་འབྲོག་ཁུལ་གྱི་མི་སེར། གཞོན་ནུ་སློབ་གྲྭ་བ་བཅས་ཤིང་འཛུགས་ནགས་བཟོའི་ལས་དོན་ནང་ཞུགས་པ་དང་། མཚོ་སྔོན་གྱིས་ལོ་ལྟར་མུའུ་ཁྲི་100ལྷག་ཙམ་གྱི་གཙང་གསུམ་ཆུ་འགོར་གཞི་ཁྱོན་ཆེ་བའི་ལྗོན་ཤིང་འདེབས་འཛུགས་བྱས་པ་དང་། མིའི་རིགས་ཀྱི་ལོ་རྒྱུས་ཐོག་ལྗོན་ཤིང་ས་ཁོངས་དེ་དག་ལ་ཁྱབ་མེད་པའི་ནགས་བཟོའི་གསར་གཏོད་ལེགས་གྲུབ་བྱུང་ནས་ས་གནས་ཁག་གི་ལྗོན་ཤིང་གསོན་ཚད་70%ལྷག་ཙམ་ཟིན་ཡོད།
           ཡུལ་ཤུལ་གྲོང་ཁྱེར་གྱི་གྲོང་མི་བསོད་ནམས་ཚེ་རིང་གིས། ཉེ་བའི་ལོ་ཤས་རིང་། འོས་འགན་ཤིང་འཛུགས་བྱེད་སྒོའི་ནང་བསྟུད་མར་ཞུགས་པ་དང་། ཁོམ་པ་ཡོད་སྐབས་རྟག་ཏུ་གྲོང་ཁྱེར་རིག་གནས་སྤྱི་གླིང་མཐའ་འཁོར་གྱི་ལྗོན་ཤིང་ཡོད་སར་འཆམ་འཆམ་ལ་འགྲོ་ཡི་ཡོད། ཁོང་གིས་གསར་འགོད་པར་དུས་ཡུན་རིང་པོའི་ནང་སྔོ་ལྗང་ལྗོན་ཤིང་གིས་བརྒྱན་པའི་ཁོར་ཡུག་ཅིག་ལ་རེ་བའི་ས་མཐོ་བ་ཚོའི་ངོས་ནས་བརྗོད་ན། ལྗོན་ཤིང་དེ་དག་ནི་ཁོང་ཚོའི་སྐྱིད་ཚལ་རེད་ལ། ཆུ་བོའི་སྨད་རྒྱུད་ལ་ཕུལ་བའི་ལག་རྟགས་ཤིག་ཀྱང་དེ་བས་རེད་ཅེས་བཤད།
          མཚོ་སྔོན་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལི་ཞའོ་ནན་གྱིས། ལོ་རྒྱུས་ཐོག་གནམ་གཤིས་ཀྱི་འགྱུར་ལྡོག་དང་མིའི་རིགས་ཀྱི་བྱེད་སྒོ་སོགས་ཀྱི་རྒྱུ་རྐྱེན་གྱིས་གཙང་གསུམ་ཆུ་འགོའི་སྤང་ཁ་དང་འདམ་ར་སོགས་སྣོད་བཅུད་མ་ལག་སྐབས་ཤིག་རིང་ཉམས་ཞན་དུ་མགྱོགས་པོ་ཕྱིན་ཡོད། སྐབས་དེར་ས་ཆུ་ཤོར་བ་དང་ཆུ་ཁ་མཐོ་དམའི་འགྱུར་ལྡོག་སོགས་ཀྱིས་ཆུ་བོའི་དབུས་སྨད་རྒྱུད་དུ་ཆུ་སྐྱོན་ཐོན་ཚད་ཇེ་མཐོར་ཕྱིན་ཡོད་ཅེས་བཤད།
           “ཉེ་བའི་ལོ་ཤས་རིང་། ང་ཚོས་གཙང་གསུམ་ཆུ་འགོའི་ས་ཁུལ་གྱི་ས་ནག་དང་། དེ་བཞིན་སྔོ་ཁེབས་ཐར་ཐོར་གྱི་ས་ཁོངས་བདམས་ནས་ལྗོན་ཤིང་བཏབ་སྟེ་ས་གནས་དེ་གའི་སྣོད་བཅུད་སླར་གསོར་རམ་འདེགས་བྱས་པ་ཡིན། སྤང་ཁའི་སྣོད་བཅུད་མ་ལག་དང་བསྡུར་ན། མིས་བར་སྟོང་ཐོག་ནགས་བཟོ་བྱས་པ་དེ་དག་ནི་ལངས་གཟུགས་ཤིག་ཡིན་པས་ལོ་གཅིག་དུས་བཞི་མང་ཆེ་བ་སྔོ་ཐིང་ཐིང་དུ་གནས་ཀྱི་ཡོད། དེའི་ལྟག་ཆུ་སྐྱིལ་གསོག་དང་ས་ཆུ་སྲུང་འཛིན་གྱི་ནུས་པ་སྔར་བས་ཆེ་བ་དང་ཆུ་རྒྱུད་ཀྱི་སྣོད་བཅུད་ལ་ལེགས་སྐྱེས་འབུལ་ཚད་སྔར་བས་ཆེ་བ་ཡོད”ཅེས་མཚོ་སྔོན་ཞིང་ཆེན་ནགས་ལས་ཐིང་ནགས་བཟོ་ཁྲུའི་ཁྲུའུ་ཀྲང་མཱ་ཀོང་ཅིན་གྱིས་བཤད།
           སྣོད་བཅུད་ཀྱི་ཕན་འབྲས་ཧ་ཅང་ཆེན་པོ་ཡོད་པ་དེས་མཚོ་སྔོན་ཞིང་ཆེན་གྱི་རང་ངོས་གནོན་ཤུགས་སྔར་བས་ཆེ་རུ་ཕྱིན་ཡོད། 2017ལོར་མཚོ་སྔོན་གྱི་ཕྱོགས་མང་པོས་མ་དངུལ་གྲབས་གསོག་དང་སྟོབས་ཤུགས་སྐུལ་སློང་བྱས་ཏེ་ལོ་དེར་ཐེངས་དང་པོར་ཞིང་ཆེན་ཡོངས་སུ་མུའུ་ཁྲི་400ལས་བརྒལ་བའི་ནགས་བཟོ་བྱས་པས་ལོ་རིམ་བྱུང་གི་ཆ་སྙོམས་གཞི་ཁྱོན་གྱི་ལྡབ་2.5ཟིན་ཡོད། 2017ལོ་ནས་བཟུང་མཚོ་སྔོན་ཞིང་ཆེན་གྱིས་ནགས་བཟོའི་གཞི་ཁྱོན་མུ་མཐུད་རྒྱུན་འཁྱོངས་བྱས་ཏེ་2020ལོར་སླེབས་སྐབས་ཞིང་ཆེན་ཡོངས་སུ་ནགས་ཚལ་རྒྱ་ཁྱོན་མུའུ་ཁྲི་8072ཟིན་པ་དང་ནགས་ཚལ་ཁྱབ་ཚད་7.5%ལས་བརྒལ་བའི་བརྩོན་ལེན་བྱ་རྒྱུ་རེད།
           “མཐར་ཞིང་ཆེན་ཡོངས་སུ་ནགས་ཚལ་ཁྱབ་ཚད་15%མཐོ་རུ་འགྲོ་རྒྱུ་ཡིན་པ་ང་ཚོར་རེ་བ་ཆེན་པོ་ཡོད། གྲངས་གཞི་དེ་ལེགས་གྲུབ་བྱེད་པར་མཚོ་སྔོན་ཞིང་ཆེན་གྱིས་ལྗོན་ཤིང་སྐྱེ་བའི་ས་ཆ་ཚང་མར་སྡོང་ཕྲུག་མཁོ་འདོན་བྱེད་དགོས”ཞེས་མཱ་ཀོང་ཅིན་གྱིས་བཤད།
           དམིགས་ཚད་དེ་མངོན་འགྱུར་བྱ་ཆེད། མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་རིགས་གཅིག་མཁས་ཅན་གྱིས་སྡོང་ཕྲུག་ནང་འདྲེན་བྱེད་རྒྱུ་ཚུད་པའི་ལག་རྩལ་སྣ་ཚོགས་སྤྱད་དང་སྤྱོད་མུས་ཡིན་པ་རེད། འབྱུང་འགྱུར་གཙང་གསུམ་ཆུ་འགོ་ཁུལ་གྱི་ས་བབ་མཐོ་ཚད་སྨི་4000ལྷག་ཙམ་ཟིན་པའི་ས་ཁོངས་དང་དེ་བཞིན་ཁོར་ཡུག་ཞན་ཙམ་གྱི་ས་ཁུལ་དུ་ལྗོན་ཤིང་གང་སར་མཐོང་རྒྱུའི་རེ་བ་ཆེན་པོ་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།