འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།འཛམ་གླིང་ཡང་རྩེ་ནས་ཕུལ་བའི་སྨོན་འདུན། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་02ཉིན། 14:43】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། ཨུ་རུ་སུའི་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་འཆར་ཉེའི་སྐབས་འདིར། སྤོ་ལོའི་སྤྱན་སྦིར་མེ་ཞི་ཡི་སྟོད་གོས་འཛམ་གླིང་གི་རི་བོ་མཐོ་ཤོས་སུ་ཁྱེར་ནས་ཀྲུང་གོ་དང་ཕྱི་རྒྱལ་གྱི་རྐང་རྩེད་སྤོ་ལོའི་ལས་རིགས་ཁྲོད་ཀྱི་གླེང་གཞིར་གྱུར་བ་རེད།
            འདི་ལོའི་ཟླ་5པར། བོད་ཀྱི་རི་འཛེག་ལུས་རྩལ་པ་བསྟན་འཛིན་ནོར་བུས་ཇོ་མོ་གླང་མར་འཛེགས་རྗེས་འཛམ་གླིང་ཡང་རྩེར་མེ་ཞི་ཡི་མིང་འཁོད་པའི་སྟོད་གོས་ཨང་རྟགས་བཅུ་པ་དེ་མཐོན་པོར་བཏེགས་ནས་མེ་ཞི་ལ་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ནང་ཨང་དང་པོ་ཐོབ་པའི་སྨོན་འདུན་ཞུས་པ་རེད།
           ཉིན་ཤས་གོང་། མེ་ཞིས་རང་ཉིད་ཀྱི་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་གྱི་ཨང་གྲངས་བརྒྱུད་བསྟན་འཛིན་ནོར་བུ་ཇོ་མོ་གླང་མར་འཛེགས་པར་རྟེན་འབྲེལ་ཞུས་ལ་བསྟན་འཛིན་ནོར་བུས་རང་ཉིད་ལ་དགའ་པོ་དང་སྨོན་འདུན་ཞུས་པར་ཐུགས་རྗེ་ཆེ་ཞུས་པ་རེད། བསྟན་འཛིན་ནོར་བུར་མེ་ཞི་ཡི་ལན་འབྱོར་རྗེས་དགའ་སྤྲོ་ཆེན་པོ་བྱུང་བ་དང་། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་མངགས་བཅར་འདྲི་དང་ལེན་བྱེད་སྐབས“བསམ་ཡུལ་ལས་འདས་སོང”ཞེས་ཐེངས་མང་བརྗོད།
           བསྟན་འཛིན་ནོར་བུ་འདི་ལོ་ལོ་30ཡིན་པ་དང་། རི་འཛེག་ལས་རིགས་སུ་ཞུགས་ནས་ལོ་10ལྷག་ཙམ་སོང་སྟེ་སྔ་རྗེས་སུ་ཇོ་མོ་གླང་མའི་རི་རྩེར་ཐེངས་7འཛེགས་ཡོད་པ་རེད།
           འཛམ་གླིང་གི་རི་མཐོ་ཤོས་ཀྱི་རི་གཤམ་དུ་ལངས་སྐབས་བསྟན་འཛིན་ནོར་བུར་ཁྱིམ་དུ་ལོག་པ་ལྟར་གྱི་མྱོང་ཚོར་བྱུང་ཡོད། འདི་ལོ་རིར་འཛེག་པའི་ཐད་ཁོང་གིས་རང་ཉིད་ལ་ལས་འགན་ཞིག་བཀོད་སྒྲིག་བྱས་ཡོད་པ་སྟེ། རི་རྩེར་མེ་ཞི་ཡི་སྟོད་གོས་སྟོན་རྒྱུ་དེ་རེད།
           “སྟོད་གོས་དེ་ནི་ངས་དཔུང་རོགས་ལ་ཨ་ཀེན་ཐིན་ནས་ཆེད་མངགས་འཁྱེར་ཡོང་རོགས་ཞུས་པ་ཡིན”ཞེས་བསྟན་འཛིན་ནོར་བུས་བརྗོད་པ་དང་། ན་ནིང་ལོ་མཇུག་ཏུ་བོད་ཀྱི་རི་འཛེག་རུ་ཁག་ཨ་ཀེན་ཐིན་དུ་བསྐྱོད་ནས་ཨ་མེ་རི་ཁ་ལྷོ་མའི་རི་མཐོ་ཤོས་དེར་འཛེགས་སྐབས་ཁོང་གིས་དཔུང་རོགས་ལ་ཁ་པར་བརྒྱབ་ནས་མེ་ཞི་ཡི་མིང་འཁོད་པའི་སྟོད་གོས་དེ་འཁྱེར་ཡོང་རོགས་ཞེས་མངགས་པ་རེད།
           སྟོད་གོས་ལག་ཏུ་རག་པ་དང་བསྟན་འཛིན་ནོར་བུས་ཇོ་མོ་གླང་མའི་རི་རྩེར་སྟོད་གོས་དེ་འཁྱེར་རྩིས་བྱས་པ་རེད།
           བསྟན་འཛིན་ནོར་བུ་ནི་བོད་ཀྱི་རྐང་རྩེད་སྤོ་ལོའི་ལས་རིགས་ནང་གི་སྐད་གྲགས་ཡོད་པའི་སྤོ་ལོའི་སྤྱན་སྦིར་ཞིག་རེད། ལོ་དེ་དག་རིང་ཁོང་གིས་ཕ་ཡུལ་གྱི་ཚབ་བྱས་ཏེ་ལས་ཞོར་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ནང་ཞུགས་པ་མ་ཟད། བོད་ལྗོངས་རྐང་རྩེད་སྤོ་ལོའི་རུ་ཁག་གི་སྟོབས་ཤུགས་གཙོ་བོ་ཞིག་ཡིན་པའི་ངོས་ནས་རྒྱལ་ཡོངས་ཀྱི་འགྲན་བསྡུར་ནང་ཞུགས་པ་དང་། ཧ་ལམ་འགྲན་བསྡུར་མི་རེ་ངོ་རེར་སྤོ་ལོ་བླུགས་མཁན་ཡག་ཤོས་དེ་ཡིན་ལ། རྐང་རྩེད་སྤོ་ལོ་བརྒྱབ་པའི་གཟི་བརྗིད་མཚན་སྙན་རི་འཛེགས་པ་ལས་ཀྱང་མང་བ་ཐོབ་ཡོད།
            མཚོ་བོད་ས་མཐོའི་གྲང་ངད་དང་གསོ་རླུང་མ་འདང་ནའང་བོད་རིགས་མང་ཚོགས་ཀྱིས་རྐང་རྩེད་སྤོ་ལོར་དགའ་པོ་བྱེད་པའི་སྤྲོ་སེམས་ཉམས་མི་སྲིད། བསྟན་འཛིན་ནོར་བུས་རྐང་རྩེད་སྤོ་ལོ་ནི་བོད་ཀྱི་དར་ཆེ་ཤོས་ཀྱི་ལུས་རྩལ་གྲས་ཤིག་རེད། ས་མཐོར་རྐང་རྩེད་སྤོ་ལོ་རྒྱག་ས་ཇེ་ཡག་ཏུ་འགྲོ་བ་དང་རྐང་རྩེད་སྤོ་ལོའི་ལུས་རྩལ་གྱི་ཁོར་ཡུག་ཀྱང་ཇེ་ལེགས་སུ་འགྲོ་གི་ཡོད་པས་འགྲན་བསྡུར་བྱེད་རིམ་བཞིན་ལྟད་མོ་བས་ཁེངས་ཀྱི་འདུག་ཅེས་བརྗོད་པ་རེད།
            བསྟན་འཛིན་ནོར་བུས“ངས་མེ་ཞི་ཡི་སྟོད་གོས་ཁྱེར་ནས་ཇོ་མོ་གླང་མར་འཛེགས་པ་དེ་ནི་གཅིག་ནས་ཁོང་ལ་ཨང་དང་པོ་ཐོབ་རྒྱུར་སྨོན་འདུན་ཞུས་པ་ཞིག་ཡིན་ལ། གཅིག་ཤོས་ནས་མེ་ཞི་ལ་འཛམ་གླིང་ཡང་རྩེ་དང་ཡང་ཁོང་གི་ཧྥེན་སི་ཡོད་པ་གསལ་བཤད་བྱ་ཆེད་ཡིན”ཞེས་བཤད་པ་རེད།
            ད་དུང་ཁོང་གིས“མེ་ཞི་བོད་དུ་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན”གལ་སྲིད་གོ་སྐབས་བྱུང་ཚེ་རང་ཉིད་ངོ་མས་སྟོད་གོས་དེ་མེ་ཞི་ལ་སྤྲོད་ཀྱི་ཡིན་ཞེས་བརྗོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།