འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་ཉེན་ཡོད་བཟའ་བཅའི་གསལ་ཐོ་བཟོས་ནས“ལྕེ་ཐོག་གི་བདེ་འཇགས”
    འགན་ལེན་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་29ཉིན། 10:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་མཚོ་སྔོན་ཞིང་ཆེན་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། མཚོ་སྔོན་གྱིས་བཟའ་བཅའ་བྲིན་ཚོང་ལྷུ་ཚིགས་ཀྱི་ཉེན་ཁ་ཆེ་ཆུང་མི་འདྲ་བ་དབྱེ་འབྱེད་དང་ཟས་སྤྱོད་ཞིང་ལས་ཐོན་རྫས་ཀྱི་ཉེན་ཆེའི་ཟས་རིགས་རྣམ་གྲངས་ཀྱི་གསལ་ཐོ་དང་། བཟའ་བཅའ་བྲིན་ཚོང་ལྷུ་ཚིགས་ཀྱི་ཉེན་ཁའི་གསལ་ཐོ། དེ་བཞིན་འགོག་ཟོན་བྱེད་སྟངས་བཅས་བཟོས་ཏེ་ཚད་གཞི་དེ་བས་མཐོ་བ་དང་ཆུ་ཚད་དེ་བས་མཐོ་བའི་བཟའ་བཅའི་ཉེན་ཁ་འགོག་ཟོན་གྱི་མ་ལག་ནུས་ཤུགས་ཡོད་རྒུས་བཙུགས་པ་རེད།
         མཚོ་སྔོན་ཞིང་ཆེན་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་བཟའ་བཅའ་འཁོར་རྒྱུག་འཛད་སྤྱོད་ལྟ་སྐུལ་དོ་དམ་ཁྲུའི་ཁྲུའུ་ཀྲང་ཨན་ཞའོ་ཡུས་ཀྱིས། བཟའ་བཅའ་བྲིན་ཚོང་ལྷུ་ཚིགས་ཀྱི་ཉེན་ཁ་དག་ཆེ་བ་དང་། འབྲིང་བ། ཆུང་བ་བཅས་ཉེན་ཁ་རིམ་པ་གསུམ་གཞིར་བཟུང་། ཉེན་ཁ་ཆེ་བའི་བཟའ་བཅའ་རིགས་9དང་། ཉེན་ཁ་འབྲིང་བའི་བཟའ་བཅའ་རིགས་15 ཉེན་ཁ་ཆུང་བའི་བཟའ་བཅའ་རིགས་13བཅས་སུ་ཕྱེ་ཡོད། ཟས་སྤྱོད་ཞིང་ལས་ཐོན་རྫས་ཀྱི་ཉེན་ཆེའི་ཟས་རིགས་རྣམ་གྲངས་ཀྱི་གསལ་ཐོའི་ནང་སྔོ་ཚལ་དང་། ཆུའི་ཐོན་རྫས། ཤིང་ཏོག སྒོ་ཕྱུགས་དང་ཁྱིམ་བྱ། སྲན་བཟོས་བཟའ་བཅའ། སྐམ་ཟས་བཅས་རིགས་ཆེ་བ་དྲུག་དང་ཉེན་ཆེའི་ཟས་སྤྱོད་ཞིང་ལས་ཐོན་རྫས་སྣ་ཁ་14གཏན་འཁེལ་བྱས་པ་མ་ཟད། ད་དུང་ཞིང་སྨན་དང་ཕྱུགས་སྨན་གྱི་ཤུལ་ཐོན་སླ་བ་དང་ཁྲིམས་དང་མི་མཐུན་པའི་སྒོ་ནས་ཟས་སུ་སྤྱོད་མི་རུང་བའི་དངོས་རྫས་བསྣན་པའི་རྫས་འགྱུར་ཐོན་རྫས་ཀྱི་མིང་དང་དེ་བཞིན་དེ་སྔོན་ལྟ་སྐུལ་དང་ཟུར་བཤེར་བྱས་པ་ལས་བྱུང་བའི་ཚད་མི་ལོན་པའི་རྣམ་གྲངས་ཀྱང་རེ་རེ་བཞིན་བཏོན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
         དེ་དང་ཆབས་ཅིག བཟའ་བཅའ་བྲིན་ཚོང་ལྷུ་ཚིགས་ཀྱི་ཉེན་ཁའི་གསལ་ཐོའི་ནང་ཆོག་འཐུས་དོ་དམ་དང་། ལམ་ལུགས་དོ་དམ། བཟོ་གྲྭའི་སྒྲིག་བཀོད་དང་སྒྲིག་ཆས། འཐེན་པའི་དངོས་ཟོག་ལ་བརྟག་དཔྱད་ཞིབ་བཤེར། ཕྱིར་ཚོང་བརྒྱུད་རིམ་ཁྲོད་ཀྱི་ཚོད་འཛིན། སྐྱེལ་འདྲེན་དོ་དམ་བཅས་ལྷུ་ཚིགས་དྲུག་ནང་ཐོན་སྲིད་པའི་ཉེན་ཁ་32རེ་རེ་བཞིན་བཀོད་ཡོད། ཐོན་སྲིད་པའི་ཉེན་ཁའི་གནོད་འཚེར་དབྱེ་ཞིབ་བྱས་པ་མ་ཟད། ད་དུང་དམིགས་སའི་རང་བཞིན་གྱི་སྒོ་ནས་ཉེན་ཁ་འགོག་ཟོན་གྱི་བྱེད་ཐབས་ཀྱང་བཏོན་ཡོད་པ་རེད།
         ཨན་ཞའོ་ཡུས་ཀྱིས་གོམ་སྟབས་རྗེས་མར་མཚོ་སྔོན་ཞིང་ཆེན་གྱི་རིམ་ཁག་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་རྒྱུན་གཏན་གྱི་ཞིབ་བཤེར་དང་། དུས་ངེས་མེད་ཀྱི་ཟུར་བཤེར། ལྟ་སྐུལ་ཟུར་བཤེར། ཆེད་དམིགས་བཅོས་སྒྲིག་བཅས་བྱེད་རིང་། ཉེན་ཁའི་གསལ་ཐོ་དེ་བཟའ་བཅའ་དང་ཟས་སྤྱོད་ཞིང་ལས་ཐོན་རྫས་ཁྲོམ་རའི་བྲིན་འཚོང་ལ་ལྟ་སྐུལ་དོ་དམ་བྱེད་པའི་དཔྱད་གཞི་གལ་ཆེན་ཞིག་ཏུ་བརྩིས་ཏེ། ཉེན་ཁའི་གསལ་ཐོ་དང་བསྡུར་བ་བྱེད་པ་དང་། དམིགས་སའི་རང་བཞིན་གྱི་སྒོ་ནས་ཕྱིར་འཚོང་ལྷུ་ཚིགས་ཀྱི་བཟའ་བཅའི་ཉེན་ཁ་ལེབ་བཤེར་དང་བཅོས་སྒྲིག་བྱེད་པ། ཉེན་ཁ་ཆེ་བའི་ཟས་རིགས་གཙོ་བོ་དང་ཞིང་འབྲོག་ཁུལ་དང་སློབ་གྲྭའི་མཐའ་འཁོར་སོགས་ས་ཁུལ་གཙོ་བོ་དང་ཉམས་ཞན་ལྷུ་ཚིགས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་མཚོ་སྔོན་མི་དམངས་ཀྱི“ལྕེ་ཐོག་གི་བདེ་འཇགས”འགན་ལེན་ཏན་ཏིག་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།