འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་སྔོ་ཞིང་དྭངས་བའི་རི་ཆུར་བརྟེན་ནས“གསེར་རི་དངུལ་རི”བཏོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་29ཉིན། 10:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་དབྱང་བརྙན་འཕྲིན་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པར་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བར་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་རྒྱུ་མཐའ་འཁྱོངས་དང་སྔོན་ལ་གྲོན་ཆུང་དང་། སྔོན་ལ་སྲུང་སྐྱོང་། རང་བྱུང་སླར་གསོ་བཅས་གཙོ་བོར་བྱེད་པའི་བྱེད་ཕྱོགས་མཐའ་འཁྱོངས་བྱས་ཏེ་རང་ཉིད་ཀྱི་མིག་འབྲས་ལ་གཅེས་འཛིན་བྱེད་པ་ལྟར་སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པ་དང་ཚེ་སྲོག་ལ་ལྟ་སྟངས་འཛིན་པ་ལྟར་སྣོད་བཅུད་ཁོར་ཡུག་ལ་ལྟ་སྟངས་འཛིན་དགོས་ཞེས་གསུངས་ཡོད། རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཡིན་པའི་བོད་ཀྱིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་སྐབས་ཁོར་ཡུག་སྲུང་སྐྱོང་ལས་དོན་ནང་ཧུར་ཐག་ཞུགས་པ་དང་སྣོད་བཅུད་ཐོན་ལས་མ་ལག་གཏོད་ནས་ཐོན་སྐྱེད་འཕེལ་རྒྱས་དང་། འཚོ་བ་འབྱོར་ཕྱུག སྣོད་བཅུད་བཟང་བའི་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་ཞིག་ཧུར་ཐག་བཏོད་ཡོད།
         མིག་སྔར་ལྷ་ས་གྲོང་ཁུལ་དང་བར་ཐག་སྤྱི་ལེ་20ཡོད་པའི་སྟག་གདོང་གྲོང་ཚོར་གྲོང་མི་ཚོས་སྨི་རྒྱ་དཔངས་གྲུ་བཞི་ཁྲི་1.8ཀྱི་ཆུ་གསོག་རྫིང་བུར་དྭངས་གཙང་རི་ཆུ་གསོག་བཞིན་ཡོད། ཆུ་དེ་གྲོང་ཚོ་ཡོངས་ཀྱི་ལྕང་མ་ཁྲི་བཅུ་གྲངས་ལ་སྤྱོད་རྒྱུ་རེད།
         སྟག་གདོང་གྲོང་ཚོར་ལོ་རྒྱུས་ཡུན་རིང་ལྡན་པ་དང་བོད་ཁྱིམ་གནའ་གྲོང་ཉར་ཚགས་ཡག་པོ་བྱས་ཡོད། འོན་ཀྱང་ལོ་གཉིས་གོང་དེ་གར་ས་ཆུ་ཚབས་ཆེན་ཤོར་ནས་གྲོང་ཚོའི་བཀོད་པ་དང་རྣམ་པ་ཡག་པོ་མེད་པར་གྱུར་ནས་ཕྱི་ཕྱོགས་ཀྱིས་རྒྱུས་མངའ་དེ་ཙམ་མེད།
         2016ལོ་ནས་བཟུང་སྟག་གདོང་གྲོང་ཚོས་གྲོང་ཚོའི་བཀོད་པ་དང་རྣམ་པ་བཅོས་སྒྲིག་ཤུགས་ཆེན་བྱས་ཏེ་ཆུ་ཡུར་དང་འགྲོ་ལམ་བཟོས་ནས་གྲོང་ཚོ་ཡོངས་སུ་གཞི་ཁྱོན་ཆེ་བའི“སྔོ་འགྱུར་བྱ་སྤྱོད”སྤེལ་ནས་ཁམ་སྡོང་དང་། ལི་སྡོང་། སྦྱར་པ་བཅས་ཁྲི་བཅུ་གྲངས་བཏབ་པ་རེད།
        འཆར་འགོད་དང་བཅོས་སྒྲིག་བྱས་པ་བརྒྱུད་ད་ཆ་སྟག་གདོང་གྲོང་ཚོའི་མཛེས་ལྗོངས་ཡིད་དུ་འོང་བ་ཞིག་ཏུ་འགྱུར་བ་དང་གྲོང་གསེབ་ཡུལ་སྐོར་གཉེར་སྐྱོང་བྱས་པས་གནའ་གྲོང་དེར་སླར་ཡང་གསོན་ཤུགས་འཕེལ་ཡོད། 2017ལོར་གྲོང་ཚོ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་13000བར་མང་དུ་ཕྱིན་ཡོད།
         སྟག་གདོང་གྲོང་ཚོ་ལྟར་བོད་ཀྱི་ས་ཆ་མང་པོར་ཁྱད་དུ་འཕགས་པ་དང་ཕུན་སུམ་ཚོགས་པའི་རང་བྱུང་ཁམས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཐོན་ཁུངས་ཡོད་ཀྱང་སྣོད་བཅུད་ཁོར་ཡུག་ཉམས་ཞན་ཡིན་ལ་ཚོར་སྣང་སྐྱེན་པོ་ཡོད། ཇི་ལྟར་བྱས་ནས་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་དགོས་པའི་ཐད་བོད་ཀྱིས“དུ་མེད་ཐོན་ལས”ཡིན་པའི་ཡུལ་སྐོར་དེ“སྔོ་ཞིང་དྭངས་བའི་རི་ཆུ”དང“གསེར་རི་དངུལ་རི”ཟུང་འབྲེལ་ཡག་ཤོས་ཐུབ་སར་བརྩི་རྒྱུ་རེད།
          བོད་ཀྱི་བྱང་རྩྭ་ཐང་དུ་ཆགས་པའི་གནམ་མཚོ་ནི་ཡུལ་སྐོར་བ་མང་པོ་བསྐྱོད་པའི་མཛེས་ལྗོངས་ཁུལ་ཞིག་རེད། འདི་ལོའི་ཟླ་གཉིས་པ་ནས་བཟུང་ས་གནས་དེ་གས“དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི”བྱེད་སྒོ་སྤེལ་བས་ཡུལ་སྐོར་བ་དུས་མཚུངས་ལས་བཅུ་ཆ་བརྒྱད་ཙམ་མང་དུ་སོང་ཡོད། ཡུལ་སྐོར་བ་མང་དུ་སོང་ཡང་མཛེས་ལྗོངས་ཁུལ་གྱི་སྣོད་བཅུད་ཁོར་ཡུག་ལ་ཁུར་པོ་གང་ཡང་བཟོས་མེད།
        ཐག་རིང་ནས་སླེབས་པའི་ཡུལ་སྐོར་བའི་ངོས་ནས་བརྗོད་ན། གཡའ་དགས་པའི་ནམ་མཁའ་དང་དྭངས་གཙང་གི་ཆུ་མོ་ནི་མི་ཡུལ་གྱི་ཞིང་ཁམས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། རྩྭ་རྩེ་ཤིང་རྐང་རེ་རེ་ནི་ས་གནས་དེ་གའི་མེ་སེར་ཕྱུག་པོར་འགྱུར་བའི“གསེར་རི་དངུལ་རི”རེད། བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱི་གྲངས་གཞི་ནས་འདི་ལོའི་ཟླ་དང་པོ་ནས་བཞི་པའི་བར་བོད་ཀྱིས་ཁྱོན་བསྡོམས་རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་266.7ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་63.5%འཕར་ནས་ཡུལ་སྐོར་གྱི་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་35ལས་བརྒལ་བ་མངོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།