འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གིས་རྨ་ཆུའི་ཆུ་འགོར་ཡུལ་སྐོར་བྱ་མི་ཆོག་པའི་
    བཀའ་བཏང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་29ཉིན། 10:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་27ཉིན་གསར་འགོད་པར་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར། ཟླ་5ཚེས་24ནས་བཟུང་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་རྨ་ཆུའི་ཁུལ་དོ་དམ་ཨུ་ལྷན་གྱིས་མཚོ་སྐྱ་རེངས་དང་། མཚོ་སྔོ་རེངས། ཝ་གཞོང་སྐར་མཚོ་སོགས་ཀྱི་ཆུ་འགོའི་སྲུང་སྐྱོང་ཁུལ་དུ་ཚན་པ་དང་མི་གང་རུང་ཞིག་གིས་ཀྱང་ཡུལ་སྐོར་བྱེད་སྒོ་སྤེལ་མི་ཆོག་པ་བཟོས་པ་དང་དེ་ལས་འགལ་ཚེ་ཆད་པ་གཅོད་རྒྱུ་རེད།
         གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་རྨ་ཆུའི་ཁུལ་དོ་དམ་ཨུ་ལྷན་གྱི་ཆེད་བསྐོས་ཀྲུའུ་རེན་གཞོན་པ་ཀན་ཞུའེ་པིང་གིས། ཉེ་བའི་ལོ་ཤས་རིང་འགྲིམ་འགྲུལ་རིམ་བཞིན་སྟབས་བདེ་རུ་ཕྱིན་པ་དང་ཕྱི་རོལ་ཏུ་མྱུལ་དཔྱད་ལུས་རྩལ་རྩེ་བར་ཡོང་མཁན་རིམ་བཞིན་མང་དུ་ཕྱིན་པ་དང་བསྟུན་ནས་ཚན་པ་དང་རྩ་འཛུགས་དེ་བཞིན་ཡུལ་སྐོར་ལ་དགའ་པོ་བྱེད་མཁན་བཅས་རྨ་ཆུའི་ཆུ་འགོར་གནས་པའི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་རྨ་སྟོད་རྫོང་དུ་བསྐྱོད་ནས་ས་གནས་དེ་གའི་མཚོ་སྐྱ་རེངས་དང་། མཚོ་སྔོ་རེངས། ཝ་གཞོང་སྐར་མཚོ་བཅས་རང་བྱུང་སྲུང་སྐྱོང་ཡན་ལག་ཁུལ་གྱི་ལྟེ་བའི་ཁུལ་དུ་རང་དགར་འཛུལ་ནས་ས་གནས་དེ་གའི་ཉམས་ཞན་གྱི་ས་མཐོའི་སྣོད་བཅུད་ཁོར་ཡུག་ལ་གཏོར་བཤིག་བཏང་བ་མ་ཟད། ད་དུང་ཧ་ཅང་དཀོན་པའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་རྒྱུན་གཏན་འཚོ་གནས་ལ་ཤུགས་རྐྱེན་བཟོས་པ་དང་ཆབས་ཅིག་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་ཡང་ཆེན་པོ་ལྡན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
        ཡུལ་སྐོར་བྱ་མི་ཆོག་པའི་བཀའ་རྒྱའི་ནང་ཡུལ་སྐོར་བཀག་སྡོམ་ཁུལ་ཁོངས་གཏོགས་སུ་བསྐྱོད་དེ་མི་ཤི་རྨས་སོགས་ཀྱི་ལས་འཛོལ་བྱུང་ཚེ་ཡུལ་སྐོར་མྱུལ་དཔྱད་བྱེད་སྒོ་སྤེལ་མཁན་འབྲེལ་ཡོད་ཚན་པའམ་ཡང་ན་མི་སྒེར་གྱིས་འགན་འཁུར་དགོས། གལ་སྲིད་གཞུང་གི་ལས་ཀའི་དགོས་མཁོས་རྐྱེན་པས་ཡུལ་སྐོར་བཀག་སྡོམ་ཁུལ་དུ་ལས་དོན་སྤེལ་དགོས་ཚེ་འབྲེལ་ཡོད་ཚན་པའམ་ཡང་ན་མི་སྒེར་གྱིས་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་སྡེ་ཚན་ནས་འགྲོ་ལུགས་གཉེར་དགོས་པ་ཁ་གསལ་བཏོན་ཡོད་པ་རེད།
        གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་འབྲེལ་ཡོད་འཆར་འགོད་གཞིར་བཟུང་། མིག་སྔར་རྨ་ཆུའི་ཆུ་འགོ་ཁུལ་དོ་དམ་ཨུ་ལྷན་གྱིས་ཁུལ་དུ་ཡོང་མཁན་ལ་དོ་དམ་བྱེད་པའི་ཇུས་གཞི་དང་། ཁུལ་དུ་ཡོང་མཁན་ཚན་ཞིབ་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་འཛུགས་པ་སོགས་དགོས་ངེས་ཀྱི་རྨང་གཞིའི་སྒྲིག་བཀོད་མགྱོགས་པོ་སྐྲུན་བཞིན་ཡོད་པ་རེད། ཡུན་རིང་མི་འགོར་བར་ཡུལ་སྐོར་བས་དྲ་ཐོག་ནས་མངགས་པ་སོགས་རྣམ་པ་བརྒྱུད་ཁུལ་དུ་བསྐྱོད་ཆོག་པའི་ཐོབ་ཐང་རག་ནས་གཞི་རྒྱ་ཆུང་བ་དང་། ཁག་ཐེངས་དབྱེ་བ། གོ་རིམ་ལྡན་པ་བཅས་ཀྱི་སྒོ་ནས་ཁུལ་དུ་སྣོད་བཅུད་ཉམས་ལེན་བྱ་ཆོག་གི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།