འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ལྷ་སར་གཟའ་འཁོར་རེའི་གཟའ་སྤེན་པར“ལྷ་མོའི་སྟོན་མོ་ཆེ་མོ”བཤམ་
    རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་26ཉིན། 12:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། བོད་དུ་ཡུལ་སྐོར་ལ་སྐྱོད་པར་ཕོ་བྲང་པོ་ཏ་ལ་དང་བར་སྐོར་དུ་སྤྲོ་གསེང་ལ་སྐྱོད་པ་དང་། གནས་རི་བླ་མཚོར་ལྟ་བར་འགྲོ་བ་ཕུད། ད་དུང་ཡུལ་སྐོར་བྱ་ཡུལ་ཡག་པ་གང་ཡོད་དམ་ཞེ་ན། གལ་སྲིད་སྐུ་ཉིད་ཉེ་དུས་བོད་དུ་ཡུལ་སྐོར་ལ་ཕེབས་ན་ཕུན་སུམ་ཚོགས་པའི་ལྷ་མོའི་སྟོན་མོ་ཆེ་མོ་ཉམས་སུ་མྱང་ཆོག
         གསར་འགོད་པས་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱས་པར་གཞིགས་ན། བོད་རང་སྐྱོང་ལྗོངས་རིག་གནས་ཐིང་དང་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་། ལྷ་ས་གྲོང་ཁྱེར་རིག་གནས་ཅུས་ཀྱིས་གཉེར་འགན་འཁུར་བའི“ལྷ་མོ་འཁྲབ་པའི་དུས་ཚིགས”བྱེད་སྒོ་ཉེ་ཆར་རྫོང་རྒྱབ་ཀླུ་ཁང་དུ་སྤེལ་འགོ་ཚུགས་པ་དང་། བྱེད་སྒོ་དེ་ཟླ་བ་9པ་བར་སྤེལ་རྒྱུ་དང་། གཟའ་འཁོར་རེའི་གཟའ་སྤེན་པར་རྫོང་རྒྱབ་ཀླུ་ཁང་དུ་གནམ་གཤིས་ལ་མི་བལྟོས་པར་སྤྱི་ཕན་འཁྲབ་སྟོན་བྱ་རྒྱུ་རེད།
         བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གི་ཐིང་ཀྲང་གཞོན་པ་ཀྲོའུ་ཧུང་ཡང་གིས་ངོ་སྤྲོད་བྱས་པར་གཞིགས་ན། “ལྷ་མོ་འཁྲབ་པའི་དུས་ཚིགས”བྱེད་སྒོ་ནི་2018ལོའི་རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི་བྱེད་སྒོ་རབ་དང་རིམ་པའི་གྲས་ཤིག་རེད། བྱེད་སྒོར་ལྷ་སའི་རྫོང་དང་ཆུས་ཁག་ནས་ཕུལ་བྱུང་གི་ལྷ་མོ་རུ་ཁག་ཧྲག་སྒྲུགས་ནས་ལྟད་མོ་བ་ཚོར་《གཟུགས་ཀྱི་ཉི་མ་》དང་《འགྲོ་བ་བཟང་མོ་》སོགས་ལྷ་མོ་རྩེར་སོན་འཁྲབ་རྒྱུ་དང་། བྱེད་སྒོར་འཁྲབ་སྟོན་ཐེངས་19དང་འཁྲབ་ཐེངས་རེར་ཆུ་ཚོད་6ནས་7བར་བྱེད་རྒྱུ། འཁྲབ་སྟོན་ལ་ཞུགས་མཁན་དམངས་ཁྲོད་ཀྱི་ལྷ་མོའི་སྒྱུ་རྩལ་བ་མི་ཐེངས་450ལྷག་ཙམ་ཟིན་རྒྱུ་རེད།
        ཚེས་19ཉིན་ནི་ཏག་ཏག་རེས་གཟའ་སྤེན་པ་རེད། ཉིན་དེར་《རྒྱ་བཟའ་བལ་བཟའི་རྣམ་ཐར་》འཁྲབ་པ་དང་། ལྷ་མོའི་འཁྲབ་གཞུང་དེའི་ནང་གཙོ་བོ་བོད་བཙན་པོའི་དུས་སྐབས་ཀྱི་འུན་ཤིང་ཀོང་ཇོ་དང་ཁྲི་བཙུན་ཀོང་ཇོའི་གཏམ་རྒྱུད་ཞིབ་པར་བཤད་ཡོད། གསར་འགོད་པས་ཉིན་དེར་རྫོང་རྒྱབ་ཀླུ་ཁང་གི་ཤར་ངོས་ནས་འབག་ནག་པོ་དང་གནའ་ཉམས་བབ་ཆགས་ཀྱི་ལྷ་མོའི་འཁྲབ་ཆས་གྱོན་པའི་འཁྲབ་སྟོན་པས་སྐད་སྒྲ་གསང་བའི་གཞས་གདངས་ཀྱི་རམ་འདེགས་འོག་དགའ་སྤྲོ་འཁོལ་བའི་ལྷ་མོ་འཁྲབ་བཞིན་ཡོད་པ་མཐོང་བྱུང་། མཐའ་འཁོར་དུ་གྲོང་མི་དང་ཡུལ་སྐོར་བས་ཁེངས་པ་དང་། ཚང་མས་ལག་ཐོགས་ཁ་པར་ཁྱེར་ནས་བརྙན་ཕབ་པར་ལེན་བྱེད་བཞིན་མཆིས། ཀོང་ཏུང་ཧྲེན་ཀྲེན་གྱི་ཡུལ་སྐོར་བ་ཕེང་ཅན་ཡེས། “མ་གཞི་ལྷ་མོའི་ནང་དོན་ཙམ་ཤེས་ཀྱི་མི་འདུག འོན་ཀྱང་གནའ་བོའི་རིག་གནས་ཀྱི་ཐུན་མིན་ཁྱད་ཆོས་ལྡན་པའི་ཡིད་དབང་འཕྲོག་ཤུགས་མྱོང་ཚོར་ཐུབ་བྱུང་། དེ་ནི་རང་ཉིད་བོད་དུ་ཡུལ་སྐོར་ལ་ཡོང་སྐབས་བསམ་ཡུལ་ལས་འདས་པར་ཐོབ་པའི་གྲུབ་འབྲས་ཤིག་ཀྱང་རེད”ཅེས་བཤད།
         ལྷ་མོའི་གཏམ་རྒྱུད་ནི་དམངས་ཁྲོད་ཀྱི་གཏམ་རྒྱུད་དང་། ལོ་རྒྱུས་ཀྱི་ངག་རྒྱུན། ནང་བསྟན་ཆོས་ལུགས་ཀྱི་གསུང་རབ་སོགས་ཀྱིས་བརྗོད་བྱ་གཙོ་བོར་བྱས་པ་ཞིག་རེད། ད་བར་ལོ་ངོ་600ལྷག་ཙམ་གྱི་ལོ་རྒྱུས་ལྡན་པས“བོད་ཀྱི་རིག་གནས་བྱེད་སྒོའི་འགྱུར་རྡོ”ཞིག་རེད་ཅེས་གྲགས། 2006ལོར་ལྷ་མོ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་པ་དང་། 2009ལོར་ལྷ་མོ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས“མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་བརྩམས་བྱའི”མིང་གཞུང་ནང་བཅུག་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།