༄༅།།ཚོང་དོན་པུས་ས་ཁུལ་དབུལ་པོའི་ཞིང་ཞོར་ཐོན་རྫས་ཐོན་སྐྱེད་དང་བྲིན་ཚོང་གི་འབྲེལ་མཐུད་
ཐབས་ལམ་བཏོད་པ།
གསར་འགྱུར་སྤེལ་དུས། 【2018ལོའི་ཟླ་ 05ཚེས་26ཉིན། 12:51】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་24ཉིན་ཚོང་དོན་པུས་《ཞིང་ཚོང་མཉམ་འབྲེལ་ལ་སྐུལ་འདེད་བཏང་ནས་གྲོང་གསེབ་དར་རྒྱས་ལ་རོགས་སྐྱོར་བྱ་རྒྱུའི་སྐོར་གྱི་བརྡ་ཐོ་》(གཤམ་དུ་《བརྡ་ཐོ་》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་ནས་ཚོང་དོན་པུའུ་ཡི་ཁྲོམ་ར་འཛུགས་སྐྲུན་སིའི་འགན་འཁུར་བས་《བརྡ་ཐོར་》འགྲེལ་བཤད་བརྒྱབ་པ་རེད།
《བརྡ་ཐོ་》བཀྲམ་པའི་དམིགས་ཡུལ་ནི་ཐོན་སྐྱེད་དང་བྲིན་ཚོང་འབྲེལ་མཐུད་བྱ་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་ནས་ཞིང་ཞོར་ཐོན་རྫས་འཁོར་རྒྱུག་གིས་ཞིང་ལས་ཐོན་སྐྱེད་ལ་སྐུལ་འདེད་གཏོང་བ་དང་གྲོང་མིའི་འཛད་སྤྱོད་འགན་ལེན་བྱེད་པའི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱེད་པ་དང་། ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་བ། ཞིང་པར་འབབ་འཕར་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་གནད་སྨིན་དབུལ་སྐྱོར་དང་གྲོང་གསེབ་དར་རྒྱས་ལ་རོགས་སྐྱོར་བྱ་ཆེད་རེད། 《བརྡ་ཐོ་》བཀྲམ་པའི་དོན་སྙིང་ཐད་ཚོང་དོན་པུའི་ཁྲོམ་ར་འཛུགས་སྐྲུན་སིའི་འགན་འཁུར་བས་ཞིང་ཚོང་མཉམ་འབྲེལ་བྱ་རྒྱུ་ནི་དུས་རབས་གསར་པར་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ཀྱི་སྤྱིའི་བླང་བྱ་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་པས་དེའི་དོན་སྙིང་གཙོ་བོ་ཕན་པ་ཡོད་པ་བཞིའི་ཐད་མངོན་ཡོད་པ་སྟེ། གཅིག་ནས་ཐོན་ལས་དར་རྒྱས་ལ་སྐུལ་འདེད་བཏང་ནས་ཞིང་ལས་དེང་རབས་ཅན་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུར་ཕན་པ་ཡོད་པ་དང་། གཉིས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འབྲེལ་བ་ཟབ་ཏུ་བཏང་སྟེ་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་ངང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་ཕན་པ་ཡོད་པ། གསུམ་ནས་ཞིང་ཞོར་ཐོན་རྫས་རིན་ཐང་མཐོ་རུ་བཏང་ནས་ཞིང་པའི་འབབ་འཕར་ཐབས་ལམ་རྒྱ་ཆེར་འགྲོ་རྒྱུར་ཕན་པ་ཡོད་པ། བཞི་ནས་ཞིང་ཞོར་ཐོན་རྫས་ཀྱི་མཁོ་སྤྲོད་སྤུས་ཚད་མཐོ་རུ་བཏང་ནས་ཞིང་ཞོར་ཐོན་ཟོག་གི་འཛད་སྤྱོད་རིམ་སྤོར་ལ་སྐུལ་འདེད་གཏོང་རྒྱུར་ཕན་པ་ཡོད་པ་བཅས་རེད། དམིགས་བསལ་གལ་འགངས་ཆེ་བ་ཞིག་ལ་ས་ཁུལ་དབུལ་པོའི་ཞིང་ཞོར་ཐོན་རྫས་ཀྱི་ཐོན་སྐྱེད་དང་བྲིན་ཚོང་འབྲེལ་མཐུད་ཐབས་ལམ་བཏོད་ནས་ཐོན་ལས་གནད་སྨིན་དབུལ་སྐྱོར་ལ་རོགས་རམ་བྱ་རྒྱུར་ཕན་པ་ཡོད་ཅེས་བརྗོད་པ་རེད།
“གོམ་སྟབས་རྗེས་མར་ང་ཚོས་རྒྱལ་ཁབ་རིམ་པའི་རྫོང་དབུལ་པོར་ཞིང་ཞོར་ཚོང་ཟོག་གི་དྲ་སྦྲེལ་གཏོད་རྒྱུར་སྔོན་ལ་རྒྱབ་སྐྱོར་བྱས་ཏེ་རྒྱལ་ཡོངས་ཀྱི་ཕུལ་བྱུང་ཞིང་ཞོར་ཐོན་རྫས་སྡེབ་ཚོང་ཚོང་པ་ཆེ་གྲས་དང་། མུ་འབྲེལ་སྒོ་རྩིས་ཚོང་ཁང་། དྲ་ཐོག་ཚོང་དོན་ཁེ་ལས་སོགས་ས་ཁུལ་དབུལ་པོར་བཙུགས་ནས་ཁྲོམ་རའི་ཐོན་ཁུངས་ལེགས་ཆ་འདོན་སྤེལ་བྱས་ཏེ་ཐོན་ལས་ཁུལ་དང་ཞིང་དུད་དབར་ཐོན་སྐྱེད་དང་བྲིན་ཚོང་འབྲེལ་བ་བརྟན་པོ་ཞིག་བཙུགས་ནས་ཐོན་ལས་སྐྱེད་སྲིང་དང་། སྤུས་རྟགས་གཏོད་པ། ཕྱིར་ཚོང་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་གནད་སྨིན་དབུལ་སྐྱོར་དང་གྲོང་གསེབ་དར་རྒྱས་གཏོང་བའི་ཁྲོད་ནུས་པ་གང་ལེགས་འདོན་སྤེལ་བྱ་རྒྱུ་ཡིན”ཞེས་ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པ་ཀའོ་ཕུང་གིས་གོང་ཚེས་ཉིན་གྱི་ཚོང་དོན་པུའི་འཆར་ཅན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་བརྗོད་པ་རེད།
ཞིང་ཚོང་མཉམ་འབྲེལ་གྱི་ནང་དོན་དེ་སྔོན་ཆད་ཀྱི་ཐོན་སྐྱེད་དང་བྲིན་ཚོང་འབྲེལ་མཐུད་དང་མི་འདྲ་བའི་ཐད་ཚོང་དོན་པུའི་ཁྲོམ་ར་འཛུགས་སྐྲུན་སིའི་འགན་འཁུར་མི་སྣས་ཞིང་ཚོང་མཉམ་འབྲེལ་ཞེས་པ་ནི་ཞིང་ཞོར་ཐོན་རྫས་འཁོར་རྒྱུག་ཁེ་ལས་དང་ཞིང་ལས་གཉེར་སྐྱོང་བྱེད་པོ་གསར་པ་ཕྱོགས་ཡོངས་དང་། གཏིང་ཟབ་པ། གནད་སྨིན་བཅས་ཀྱི་སྒོ་ནས་འབྲེལ་མཐུད་བྱས་ནས་མངགས་ཐོའི་ཞིང་ལས་དང་། ཐོན་ཚོང་གཞི་གཅིག རྐང་དབང་མཉམ་ལས་སོགས་ཀྱི་དཔེ་དབྱིབས་འཕེལ་རྒྱས་གཏོང་བ་དང་ཐོན་རྫས་དང་། སྒྲིག་བཀོད། ཚད་གཞི། གྲངས་གཞི། ཁྲོམ་ར་བཅས་འབྲེལ་མཐུད་བྱེད་པ་དང་གོང་ནས་ཐོན་སྐྱེད་འབྲེལ་མཐུད་དང་འོག་ནས་འཛད་སྤྱོད་འབྲེལ་མཐུད་བྱས་ཏེ་ཁེ་ཕན་འབྲེལ་མཐུད་དམ་ཟབ་དང་། ཐོན་སྐྱེད་དང་བྲིན་ཚོང་འབྲེལ་མཐུད་དམ་ཟབ། ཡུན་རིང་སྲ་བརྟན་བཅས་ཀྱི་ཞིང་ཚོང་མཉམ་འབྲེལ་གསར་པ་གཏོད་རྒྱུ་དེ་རེད།
ཚོང་དོན་པུའི་ཁྲོམ་ར་འཛུགས་སྐྲུན་སིའི་འགན་ཁུར་མི་སྣས་《བརྡ་ཐོའི་》ནང་ལས་དོན་གྱི་གཙོ་གནད་འགན་འཁྲི་ཁག་དྲུག་བཏོན་ཡོད་པ་སྟེ། གཅིག་ནས་ཡུན་རིང་བརྟན་ལྷིང་གི་ཐོན་སྐྱེད་དང་བྲིན་ཚོང་འབྲེལ་མཐུད་ལམ་སྲོལ་བཟོས་ནས་ཞིང་ཞོར་ཐོན་རྫས་ཐོན་སྐྱེད་དང་བྲིན་ཚོང་འབྲེལ་མཐུད་ལམ་སྲོལ་དེ་ཟབ་ཟོབ་དང་། དུས་ཐུང་། འགྱུར་སླ་བ་བཅས་ནས་དམ་ཚགས་དང་། ཡུན་རིང་། བརྟན་ལྷིང་བཅས་བར་འགྱུར་ལྡོག་འགྲོ་རྒྱུར་ཁྲིད་སྟོན་བྱེད་པ་དང་། གཉིས་ནས་ཞིང་ལས་གཉེར་སྐྱོང་བྱེད་པོ་གསར་པ་འཕེལ་རྒྱས་བཏང་ནས་ཞིང་དུད་ལ་སྒྲིག་འཛུགས་སྣེ་ཁྲིད་བྱེད་པའི་ཁོང་ཚོའི་ནུས་པ་འདོན་སྤེལ་བྱེད་པ་དང་ཞིང་དུད་སྒྲིག་འཛུགས་བྱས་ནས་ས་ཞིང་བརྒྱུད་བཤུག་དང་དོ་དམ་བྱ་རྒྱུར་བཅོལ་བ་སོགས་ཀྱི་བྱ་ཐབས་སྣ་ཚོགས་ལ་བརྟེན་ནས་གཞི་ཁྱོན་འོས་འཚམ་གྱི་གཉེར་སྐྱོང་བྱས་ཏེ་ཞིང་ལས་ཐོན་སྐྱེད་གཞི་ཁྱོན་ཅན་དང་། ལེགས་བསྡུས་ཞིབ་གཉེར་ཅན། འཕྲུལ་ཆས་ཅན་བཅས་ཀྱི་ཆུ་ཚད་གོང་མཐོར་གཏོང་དགོས་པ། གསུམ་ནས་ཞིང་ལས་ཀྱི་སྤུས་རྟགས་བཏོད་ནས་སྤུས་ཚད་ལེགས་པ་དང་ཚད་ལྡན་ཅན་གྱི་ཚད་གཞི་མཐོ་བའི་ཁྱད་ལྡན་ཞིང་ཞོར་ཐོན་རྫས་ཁག་གཅིག་བདམས་ཏེ་རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་གཉེར་སྐྱོང་དང་བྲིན་ཚོང་དང་ས་ཁོངས་ཀྱི་ཁྱད་ཆོས་མངོན་གསལ་དོད་པ་དང་། ཐོན་རྫས་ཁྱད་ཆོས་མངོན་གསལ་དོད་པའི་ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་དང་། ཁེ་ལས་སྤུས་རྟགས། ཐོན་རྫས་སྤུས་རྟགས་བཅས་གཏོད་དགོས་པ། བཞི་ནས་ཐོན་ལས་ཧྲིལ་པོའི་འབྲེལ་ཐག་གི་ཚད་ལྡན་མ་ལག་གཏོད་ནས་ཞིང་ཞོར་ཐོན་རྫས་འདེབས་འཛུགས་དང་གསོ་སྤེལ་ལས་སྣོན་དང་། ཞིབ་བཤེར་ཚད་ལེན། སྤུས་ཚད་རིམ་དབྱེ། ཐུམ་སྒྲིལ་གྱི་མཚོན་རྟགས། གྲང་འདྲེན་ཟོག་འགྲེམས། སྡེབ་ཚོང་སིལ་ཚོང་སོགས་ལྷུ་ཚིགས་ཁག་ལ་ཁྱབ་པ་བྱས་ཏེ་ཞིང་ཞོར་ཐོན་རྫས་ཀྱི་ཐོན་སྐྱེད་དང་འཁོར་རྒྱུག་ཚད་ལྡན་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས་པ། ལྔ་ནས་ས་ཁུལ་དབུལ་པོའི་ཞིང་ཞོར་ཐོན་རྫས་ཐོན་སྐྱེད་དང་བྲིན་ཚོང་འབྲེལ་མཐུད་ལ་རོགས་སྐྱོར་བྱས་ནས་ཞིང་ཞོར་ཐོན་རྫས་ཀྱི་འཁོར་རྒྱུག་ཁེ་ལས་ས་ཁུལ་དབུལ་པོར་བསྐྱོད་དེ་ཁྲོམ་རའི་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་ས་ཁུལ་དབུལ་པོར་ཁྱད་ལྡན་ལེགས་ལྡན་གྱི་ཞིང་ཞོར་ཐོན་རྫས་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་རོགས་བྱེད་དགོས་པ། དྲུག་ནས་ཞིང་ཞོར་ཐོན་རྫས་ཀྱི་འཁོར་རྒྱུག་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དཔེར་ན། ཆ་འཕྲིན་ཞབས་ཞུའི་ལས་སྟེགས་དང་ཞིང་ཞོར་ཐོན་རྫས་ཀྱི་དྲ་ཐོག་ཚོང་དོན་གྱི་ལས་སྟེགས་སོགས་ཀྱི་སྒྲིག་བཀོད་ཀྱི་ཞན་ཆ་གསབ་ནས་འཁོར་རྒྱུག་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས་པ་བཅས་རེད།
ཞིང་ཚོང་མཉམ་འབྲེལ་ནང་ཞུགས་པའི་བྱེད་པོ་དང་ཐོབ་ཐང་བླང་བྱའི་ཐད་ཚོང་དོན་པུའི་ཁྲོམ་ར་འཛུགས་སྐྲུན་སིའི་འགན་འཁུར་བས་ཞིང་ཚོང་མཉམ་འབྲེལ་གྱི“ཞིང་ལས”ནང་གཙོ་བོ་ཞིང་པའི་མཉམ་ལས་ཁང་དང་། ཞིང་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས། ཞིང་དུད་འབྲོག་ར་སོགས་ཀྱི་ཞིང་ལས་གཉེར་སྐྱོང་བྱེད་པོ་གསར་པ་ཚུད་པ་དང་། “ཚོང་ལས”ཀྱི་ཐད་གཙོ་བོ་ཞིང་ཞོར་ཐོན་རྫས་ཀྱི་སྡེབ་ཚོང་ཁྲོམ་ར་དང་། ཞིང་ཞོར་ཐོན་རྫས་སོས་པ་གཉེར་སྐྱོང་བྱེད་པའི་མུ་འབྲེལ་སྒོ་རྩིས་ཚོང་ཁང་ཆེ་གྲས། སྡེབ་ཚོང་སིལ་ཚོང་ཁེ་ལས། ཞིང་ཞོར་ཐོན་རྫས་ཀྱི་དྲ་ཐོག་ཚོང་དོན་གྱི་ཁེ་ལས་སོགས་ཞིང་ཞོར་ཐོན་རྫས་ཀྱི་འཁོར་རྒྱུག་ཁེ་ལས་ཚུད་ཡོད་ཅེས་བརྗོད་པ་རེད།
སྒྲིག་འཛུགས་དང་ལག་བསྟར་བྱེད་པའི་ཐད་ཚོང་དོན་པུའི་ཁྲོམ་ར་འཛུགས་སྐྲུན་སིའི་འགན་འཁུར་བས་གཅིག་ནས་དཔུང་ཁག་འཛུགས་དགོས་པ་དང་། གཉིས་ནས་འབྲེལ་མཐུད་བྱེད་དགོས་པ། གསུམ་ནས་ཉམས་མྱོང་ཁྱབ་གདལ་གཏོང་དགོས་པ་བཅས་རེད་ཅེས་བརྗོད་པ་རེད།