མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་འཇར་མན་གྱི་ཙུང་ལི་མོ་ཁེར་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་26ཉིན། 12:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་གིས་འཇར་མན་གྱི་ཙུང་ལི་མོ་ཁེར་དང་མཇལ་འཛོམས་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་24ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་འཇར་མན་གྱི་ཙུང་ལི་མོ་ཁེར་དང་མཇལ་འཛོམས་གནང་བ་རེད།
         ཞི་ཅིན་ཕིང་གིས་མོ་ཁེར་ཀྲུང་གོར་འཚམས་འདྲི་ཐེངས་11གནང་བར་ཕེབས་པར་དགའ་བསུ་ཞུས་པ་མ་ཟད། ཁོང་གིས་ཀྲུང་གོ་དང་འཇར་མན་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་གནང་བར་བསྔགས་བརྗོད་ཀྱང་གནང་བ་རེད། ཞི་ཅིན་ཕིང་གིས་2014ལོར་ཀྲུང་གོ་དང་འཇར་མན་དབར་ཕྱོགས་མང་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ཚུན། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་མྱུར་པོ་ཕྱིན་ནས་མཉམ་ལས་ཀྱི་ཁྱབ་རྒྱ་དང་ཟབ་ཚད་སྔར་བྱུང་མྱོང་མེད་པའི་ཆུ་ཚད་དུ་སླེབས་ཡོད། ཀྲུང་གོ་ཕྱོགས་ཀྱིས་འཇར་མན་ཕྱོགས་དང་ཐུན་མོང་འབད་བརྩོན་བྱས་ཏེ་ཕྱོགས་གཉིས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་མཐོ་ཚད་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས་ཀྲུང་གོ་དང་འཇར་མན་རྒྱལ་ཁབ་གཉིས་ཀྱིས་མཉམ་ལས་གཉིས་ཁེར་མིག་དཔེ་སྟོན་མཁན་དང་། ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བར་སྣེ་ཁྲིད་བྱེད་མཁན། རྒྱལ་སྤྱིའི་འབྲེལ་བ་གསར་པར་སྐུལ་འདེད་གཏོང་མཁན། འདུ་ཤེས་འཛིན་སྟངས་ཀྱི་ཧེ་བག་ལས་བརྒལ་མཁན་གྱི་མཉམ་ལས་པ་བཅས་བྱ་རྒྱུ་དེ་ཕྱོགས་གཉིས་པོས་དུས་མཚམས་རྗེས་མར་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་སྐུལ་འདེད་གཏོང་བའི་ཐུན་མོང་འབད་བརྩོན་གྱི་ཁ་ཕྱོགས་ཤིག་རེད། ཕྱོགས་གཉིས་པོས་མཐོ་རིམ་དབར་གྱི་འགྲོ་འོང་ཟབ་མོ་རྒྱུན་འཁྱོངས་བྱས་ཏེ་ཕྱོགས་གཉིས་པོའི་འབྲེལ་བའི་རྩེ་རིམ་ཇུས་བཀོད་ལ་ཤུགས་སྣོན་རྒྱག་པ་དང་། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་བསྔགས་སྐུལ། ལམ་སྲོལ་རང་བཞིན་གྱི་གླེང་མོལ་བྱེད་ཐབས་ཡག་པོ་སྤྱོད་པ་བཅས་བྱེད་དགོས། ང་ཚོས་འཇར་མན་གྱིས་ཀྲུང་གོའི་རེས་སྐོར་གསར་པའི་སྒོ་དབྱེའི་གོ་སྐབས་དམ་འཛིན་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཚན་རྩལ་གསར་གཏོད་ཀྱིས་ཁྲིད་སྟོན་དུ་བྱས་ཏེ་ཐུན་མོང་ཐོག་བྱ་གཞག་སྒྲུབ་ཤུགས་ཆེ་རུ་གཏོང་བ་དང་། ཐོན་ལས་ཀྱི་རྒྱ་སྟོབས་ཆེ་རུ་གཏོང་བ། ཁྲོམ་རའི་རྒྱ་སྟོབས་ཆེ་རུ་གཏོང་བ་བཅས་བྱེད་པ་དང་ཕྱོགས་གཉིས་པོས་འབྱུང་འགྱུར་གྱི་ཐོན་ལས་ཁྱབ་ཁོངས་ཐད་མཉམ་ལས་དེ་བས་མང་བ་བྱས་ཏེ་ཐུན་མོང་ཐོག་ཕྱོགས་གསུམ་པའི་ཁྲོམ་ར་གཏོད་དགོས། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་མཉམ་ལས་དམ་འཛིན་བྱ་གཞིར་བྱས་ཏེ་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཀྱི་དམངས་འདོད་རྨང་གཞི་བརྟན་དུ་གཏོང་དགོས། ཀྲུང་གོ་དང་འཇར་མན་རྒྱལ་ཁབ་གཉིས་ཀྱི་འགན་འཁྲི་དང་འགན་འཁྲིའི་འཁུར་སེམས་མངོན་པ་བྱས་ཏེ་ཐུན་མོང་ཐོག་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་སྣ་ཚོགས་ལ་ཁ་གཏད་གཅོག་དགོས། ང་ཚོས་མུ་མཐུད་འཇར་མན་ཕྱོགས་དང་མཉམ་དུ་ཕྱོགས་མང་སྒྲོམ་གཞིའི་ཁྲོད་གོ་ལ་ཧྲིལ་པོ་བཅོས་སྐྱོང་དང་ཕྱོགས་མང་རིང་ལུགས་ལ་སྐུལ་འདེད་བཏང་ནས་གླེང་མང་བ་དང་དཀའ་གནད་ཀྱི་གནད་དོན་སེལ་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཐད་འབྲེལ་བ་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་འདོད་ཡོད། ང་ཚོས་འཇར་མན་ཕྱོགས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་རྒྱབ་སྐྱོར་གནང་བར་བསྔགས་བརྗོད་བྱ་རྒྱུ་ཡིན་ལ། འཇར་མན་གྱི་ཁེ་ལས་དེའི་ནང་ཧུར་ཐག་ཞུགས་རྒྱུར་ཡང་དགའ་བསུ་ཞུ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།
        ཞི་ཅིན་ཕིང་གིས་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་བློ་བརྟན་འགྱུར་མེད་ངང་ཡོ་རོབ་ཀྱིས་རང་མོས་ངང་གདམ་ག་བྱས་པའི་གཞི་གཅིག་ཅན་གྱི་འགྲོ་ལམ་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཡོ་རོབ་མནའ་འབྲེལ་གྱིས་མཐུན་སྒྲིལ་དང་། བརྟན་ལྷིང་། སྒོ་དབྱེ། གྲ་རྒྱས་བཅས་རྒྱུན་འཁྱོངས་བྱ་རྒྱུའི་རེ་བ་ཡོད། ཀྲུང་གོས་ཡོ་རོབ་ཕྱོགས་དང་མཉམ་དུ་བློ་བརྟན་འགྱུར་མེད་ངང་ཕྱོགས་མང་རིང་ལུགས་དར་སྤེལ་བཏང་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་དེ་བས་ཁ་གསལ་དང་། སྔོན་དཔག་ཐུབ་པ། ཡིད་ཆེས་འཕེལ་བ་བཅས་ཀྱི་ཆ་འཕྲིན་མཁོ་འདོན་བྱས་ཏེ་རྒྱལ་སྤྱིའི་དུས་བབ་བརྟན་པོ་དང་ཕྱོགས་ཁག་ལ་ཕན་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
        མོ་ཁེར་གྱིས་འཇར་མན་གྱི་ཙུང་ལིའི་འགན་མུ་མཐུད་ཁུར་རྗེས། སླར་ཡང་ཀྲུང་གོར་འཚམས་འདྲི་བྱ་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་ཞེས་བཤད། ངས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཇར་མན་དང་ཀྲུང་གོའི་འབྲེལ་བར་གནང་བའི་གདེང་འཇོག་ལ་བསྔགས་བརྗོད་ཞུ་རྒྱུ་ཡིན། ཀྲུང་གོ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁོངས་མི་གལ་ཆེན་དང་འཇར་མན་གྱི་ཚོང་དོན་རོགས་ཟླ་གལ་ཆེན་ཞིག་རེད། འཇར་མན་དང་ཀྲུང་གོའི་འབྲེལ་བ་དུས་རབས་གསར་པར་བསྐྱོད་པས། འཇར་མན་གྱིས་ཀྲུང་གོའི་སྒོ་དབྱེ་ཟབ་གཏོང་ལས་བྱུང་བའི་གོ་སྐབས་གསར་པ་དམ་འཛིན་བྱས་ཏེ་འཇར་མན་དང་ཀྲུང་གོའི་ཚོང་དོན་མ་འཇོག་མཉམ་ལས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་རྒྱ་ཆེར་གཏོང་འདོད་ཡོད། མིག་སྔར་འཛམ་གླིང་གི་དུས་བབ་ལ་འགྱུར་ལྡོག་ཆེན་པོ་འགྲོ་བའི་རྒྱབ་ལྗོངས་འོག་འཇར་མན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་རྒྱལ་སྤྱིའི་ལས་དོན་ནང་འབྲེལ་བ་དང་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཁབ་ཉི་ཤུ་ཚོགས་པ་སོགས་ཕྱོགས་མང་སྒྲོམ་གཞིའི་ཁྲོད་ཕན་ནུས་ལྡན་པའི་མཉམ་ལས་ཟབ་ཏུ་གཏོང་དགོས། འཇར་མན་གྱིས་ཡོ་རོབ་དང་ཀྲུང་གོའི་མཉམ་ལས་འབྲེལ་བ་ཟབ་ཏུ་འགྲོ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བཤད།
         ཕྱོགས་གཉིས་པོས་ད་དུང་རྒྱལ་སྤྱིའི་ཚོང་དོན་དང་དབྱི་རན་གྱི་ཉིང་རྡུལ་གནད་དོན་སོགས་ཐུན་མོང་ཐོག་དོ་ཁུར་བྱེད་པའི་གནད་དོན་ལ་དགོངས་འཆར་བརྗེ་རེས་གནང་བ་རེད།