འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་རྒྱལ་གྱི་རྒྱ་ཡིག་སྨྱན་སྦྱོར་ལྕགས་ཟམ་རྫོང་དུ་ཡོང་ནས་གསར་བརྗེའི་རིག་གནས་མྱོང་རོལ་
    བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་24ཉིན། 09:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། 2018ལོའི“ཕྱི་རྒྱལ་གྱི་རྒྱ་ཡིག་སྨྱན་སྦྱོར་གྱིས་ཀྲུང་གོ(སི་ཁྲོན)མྱོང་རོལ་བྱེད་པའི་བྱ་སྤྱོད”བྱེད་སྒོ་ཚེས་19ཉིན་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ལྕགས་ཟམ་ཁ་རྫོང་དུ་སྤེལ་བ་རེད། ཨ་རི་དང་། ཁ་ན་ཏ། ལྷོ་ཨ་ཧྥེ་རི་ཁ། ཧྥ་རན་སེ། དབྱི་ཐ་ལི། ཨུ་རུ་སུ་སོགས་རྒྱལ་ཁབ་12ཀྱི་ཕྱི་རྒྱལ་གྱི་རྒྱ་ཡིག་སྨྱན་སྦྱོར་14ཡི་འཐུས་མི་ལྕགས་ཐག་ཟམ་པའི་སྟེང་ཡོང་ནས་ཟམ་པའི་གཡང་གཟར་གྱི་རྣམ་པ་མྱོང་རོལ་བྱས་པ་རེད།
         ཆིང་རྒྱལ་རབས་ནས་བཟུང་ལྕགས་ཐག་ཟམ་པ་ནི་སི་ཁྲོན་ནས་བོད་དུ་ཡོང་བའི་བགྲོད་ལམ་གལ་ཆེན་དང་དམག་དོན་གྱི་འགག་གནད་ཅིག་ཡིན། 1935ལོའི་ཟླ་5ཚེས་29ཉིན་ཀྲུང་དབྱང་གི་དམར་དམག་མྱུར་སྐྱོད་དམག་ལེ་དབར་240ཡི་ས་ནས་ལྕགས་ཐག་ཟམ་པར་ཡོང་སྟེ་དཔའ་བོ་22ལས་གྲུབ་པའི་སྔོན་ཁྲིད་འཕྲལ་སྒྲུབ་རུ་ཁག་གིས་དགྲ་བོའི་མཚོན་ཆར་མི་འཛེམས་པར་ཉེན་ཁ་ཤིན་ཏུ་ཆེ་བའི་ཁྲོད་ལྕགས་ཐག་ཟམ་པ་ཚུར་བླངས་ནས་མིའི་རིགས་ཀྱི་དམག་འཁྲུག་ལོ་རྒྱུས་ཐོག་ངོ་མཚར་བཏོད་པ་རེད། 1961ལོའི་ཟླ་3ཚེས་4ཉིན་ལྕགས་ཐག་ཟམ་པ་དེ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁག་དང་པོའི་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པར་ཁྱབ་བསྒྲགས་བྱས་པ་དང་དེ་ནི་མིག་སྔར་ཉར་ཚགས་ཆ་ཚང་ཤོས་བྱས་པའི་དམར་དམག་རྒྱང་སྐྱོད་དམག་འཁྲུག་གི་རྗེས་ཤུལ་ཞིག་རེད།
         ཨ་ཀེན་ཐིན་གྱི་ཕྱི་ཁོངས་ཀྲུང་གོ་བའི་དྲ་བའི་འགན་ཁུར་རྩོམ་སྒྲིག་པ་གཞོན་པ་ཚུའེ་མིང་ཚའེ་ཡིས་སྔོན་ཆད“ལྕགས་ཐག་ཟམ་པ་ཚུར་བླངས་པ”ཞེས་པ་དེ་རང་ཉིད་ཀྱི་ངོས་ནས་བརྗོད་ན་ལོ་རྒྱུས་ཀྱི་དོན་རྐྱེན་ཞིག་ཡིན་པ་དང་འབྲེལ་ཡོད་ཆ་འཕྲིན་ཚང་མ་དཔེ་དེབ་ཐོག་ནས་ཤེས་རྟོགས་བྱུང་བ་ཞིག་ཡིན། འོན་ཀྱང་ད་ཆ་དྲག་ཏུ་རྒྱུག་པའི་ཆུ་བོར་ལྟ་བཞིན་ལག་གཉིས་ཀྱིས་ཡམ་ཡོམ་དུ་འགུལ་བའི་ལྕགས་ཐག་འཛིན་ནས་ཟམ་པའི་སྟེང་ཐེངས་གཅིག་བསྐྱོད་སྐབས་དེ་དུས་ཀྱི་ཉེན་ཁ་མྱོང་ཚོར་ཐུབ་ཀྱི་འདུག་ཅེས་བཤད།
         དེ་རྗེས་ཕྱི་རྒྱལ་གྱི་རྒྱ་ཡིག་སྨྱན་སྦྱོར་གྱི་འཐུས་མི་ཚོས་ལྕགས་ཟམ་ཁ་རྫོང་གྲོང་གི་ལྷོ་ནུབ་ཏུ་གནས་པའི་དམར་དམག་གིས་ལྕགས་ཐག་ཟམ་པ་ཚུར་བླངས་པའི་དྲན་གསོ་ཁང་དུ་ལྟ་སྐོར་བྱས་པ་དང་སྨི་ངོས་གྲུ་1600ཟིན་པའི་སྐྲུན་དངོས་ནང་ལོ་རྒྱུས་ཀྱི་རྩ་བ་གཞུང་ཐིག་ཏུ་བྱས་པ་དང་འབྲེལ་ཡོད་རིག་དངོས་ཀྱིས་འཕྲེད་ཐིག་ཏུ་བྱས་ཏེ་དམར་དམག་གིས་ལྕགས་ཐག་ཟམ་པ་ལེན་སྐབས་ཀྱི་འཇིགས་སྣང་དང་། གཡང་གཟར། ངོ་མཚར་བཅས་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱས་པ་དང་དེའི་ནང་ཉར་ཚགས་བྱས་པའི་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་འགྲེམས་སྟོན་གྱི་ལོ་རྒྱུས་དཔྱད་གཞི་གྱ་ནོམ་པ་ཞིག་ཡོད་པ་རེད།
         ཨུ་རུ་སུའི་《རྒྱ་ཡིག་ཚགས་པར་》གྱི་སྤྱི་ཁྱབ་རྩོམ་སྒྲིག་པ་ཧྲང་ཡུང་གིས་ལྕགས་ཐག་ཟམ་པའི་གཡང་གཟར་རང་ཉིད་ཀྱིས་དངོས་སུ་མྱོང་ཚོར་བྱས་རྗེས་སེམས་འགུལ་ཆེན་པོ་ཐེབས་བྱུང་། ཕྱི་རྒྱལ་གྱི་རྒྱ་ཡིག་སྨྱན་སྦྱོར་ཐོག་དྲིལ་བསྒྲགས་བྱེད་པ་བརྒྱུད་ཨུ་རུ་སུའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བས་གསར་བརྗེའི་ལོ་རྒྱུས་ཤེས་རྟོགས་དེ་བས་གཏིང་ཟབ་ཐུབ་རྒྱུའི་རེ་བ་ཡོད་ལ་ཕྱི་རྒྱལ་གྱི་སྤུན་ཟླ་དེ་བས་མང་བ་སི་ཁྲོན་དུ་ཡོང་ནས་ལྕགས་ཐག་ཟམ་པའི་སྟེང་དངོས་སུ་འགྲོ་ཙམ་བྱེད་ཐུབ་པའི་རེ་བ་ཡོད་ཅེས་བཤད་པ་རེད།
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།