འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་དབྱིན་ཇིའི་རིགས་གཅིག་མཁས་ཅན་གྱིས་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་
    དོན་མཉམ་ལས་ཐད་འཕེལ་རྒྱས་ཀྱི་བར་མཐོངས་དེ་བས་ཆེ་བ་འཕྲད་རྒྱུའི་ངོས་འཛིན་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་24ཉིན། 10:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་21ཉིན་ཀྲུང་དབྱིན་དཔལ་འབྱོར་ཚོང་དོན་མཉམ་ལས་བགྲོ་གླེང་ཚོགས་འདུ་ལོན་ཏོན་དུ་འཚོགས་པ་དང་ཚོགས་ཞུགས་རིགས་གཅིག་མཁས་ཅན་གྱིས་ཀྲུང་དབྱིན་འབྲེལ་བའི“རྫོགས་ལྡན་དུས་རབས”བརྟན་པོའི་ངང་སྐུལ་འདེད་གཏོང་བ་དང་སྦྲགས་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཐད་འཕེལ་རྒྱས་ཀྱི་བར་མཐོངས་དེ་བས་ཆེ་བ་འཕྲད་རྒྱུ་ཡིན་པའི་ངོས་འཛིན་བྱས་པ་རེད།
         ཀྲུང་གོ་རྒྱལ་སྤྱིའི་ཚོང་དོན་སྐུལ་སྤེལ་ཨུ་ལྷན་གྱི་ཚོགས་གཙོ་གཞོན་པ་ཀྲང་ཝེས་དེང་སྐབས་ཀྲུང་དབྱིན་དཔལ་འབྱོར་ཚོང་དོན་མཉམ་ལས་དེ“མྱུར་བགྲོད་ལམ་བུའི”ཐོག་བསྐྱོད་ནས་ཕྱོགས་གཉིས་པོའི་མ་འཇོག་བྱེད་ཁྱོན་སྔར་བས་རྒྱ་ཆེར་ཕྱིན་པ་དང་ཕྱོགས་གཉིས་པོའི་ཚོང་དོན་དེ་དེ་བས་སྐྱོན་བྲལ་དང་དོ་སྙོམས་ཀྱི་ཁ་ཕྱོགས་སུ་འཕེལ་རྒྱས་ཕྱིན་ཡོད། གོམ་སྟབས་རྗེས་མར“རྒྱུད་གཅིག་ལམ་གཅིག”གི་སྒྲོམ་གཞིའི་འོག་དངོས་སྒྲུབ་མཉམ་ལས་བྱས་ནས་དངུལ་རྩའི་ཞབས་ཞུའི་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ཚོང་གཉེར་ཁོར་ཡུག་བཟང་པོ་བསྐྲུན་པ་སོགས་ཐད་མཉམ་ལས་གཏིང་ཟབ་བྱེད་ཆོག་གི་ཡོད་ཅེས་བརྗོད་པ་རེད།
         འབྱུང་འགྱུར་ལོ་15ཡི་རིང་སྔོན་དཔག་བྱས་ན་ཀྲུང་གོས་ཨ་སྒོར་དུང་ཕྱུར་ཁྲི་24ཟིན་པའི་ཚོང་ཟོག་ནང་འདྲེན་བྱས་ནས་ས་མཚམས་ཕྱི་རོལ་གྱི་ཐད་ཀའི་མ་འཇོག་ཨ་སྒོར་དུང་ཕྱུར་ཁྲི་2བསྡུ་ལེན་བྱ་རྒྱུ་དང་། ཕྱི་ཕྱོགས་སུ་མ་འཇོག་བྱེད་པའི་སྤྱི་འབོར་ཨ་སྒོར་དུང་ཕྱུར་ཁྲི་2ཟིན་རྒྱུ། ས་མཚམས་ཕྱི་རོལ་དུ་ཡུལ་སྐོར་བྱེད་པའི་མི་ཐེངས་དུང་ཕྱུར་20ལྷག་ཙམ་ཟིན་རྒྱུ་བཅས་རེད། ཀྲང་ཝེས་དབྱིན་ཇིས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་མགྱོགས་འཁོར་ནང་བསྡད་དེ་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་པ་ཀྲུང་གོས་མཐོང་འདོད་ཡོད་ཅེས་བརྗོད་པ་རེད།
         དབྱིན་ཀྲུང་ཚོང་དོན་མཐུན་ཚོགས་ཀྱི་ལག་བསྟར་ཏུང་ཧྲི་ལི་སི·པེ་ཐེར་སེན་གྱིས“ཡོ་རོབ་མནའ་འབྲེལ་ནས་ཁ་བྲལ་བ”ལས་དབྱིན་ཇིའི་དཔལ་འབྱོར་ལ་གཏན་འཁེལ་མིན་པའི་རང་བཞིན་ཆེན་པོ་འཕྲད་མོད། འོན་ཀྱང་དེ་དང་དུས་མཚུངས་ཀྲུང་དབྱིན་གྱི་ཁེ་ལས་ལ་ཚོང་ལས་གོ་སྐབས་དེ་བས་མང་བ་མཁོ་འདོན་བྱས་ཡོད། ལྷག་པར་དུ་དོ་སྣང་བྱེད་རིན་ཡོད་པ་ཞིག་ནི་ཀྲུང་དབྱིན་འབྲེལ་བའི“རྫོགས་ལྡན་དུས་རབས”མགྱོགས་མྱུར་འཕེལ་རྒྱས་ཕྱིན་ནས་མཉམ་ལས་གོ་སྐབས་དེ་བས་མང་བ་འཕྲད་རྒྱུ་རེད་ཅེས་བརྗོད།
         ད་ཐེངས་ཀྱི་བགྲོ་གླེང་ཚོགས་འདུ་དེ་ཀྲུང་གོ་རྒྱལ་སྤྱིའི་ཚོང་དོན་སྐུལ་སྤེལ་ཨུ་ལྷན་དང་། དབྱིན་ཀྲུང་ཚོང་དོན་མཐུན་ཚོགས། དབྱིན་ཇིའི་ཀྲུང་གོའི་ཚོང་ཚོགས་བཅས་ཀྱིས་མཉམ་དུ་གཉེར་བ་ཞིག་ཡིན་པ་དང་ཀྲུང་དབྱིན་གྱི་སྲིད་དོན་དང་ཚོང་དོན་ལས་རིགས་ཁག་གི་མི་སྣ་བརྒྱ་ཙམ་ཚོགས་འདུར་ཞུགས་པ་རེད།
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།