འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་བཅོས་སྐྱོང་གིས་གོ་ལ་ཧྲིལ་པོའི་སྒྲིག་ལམ་ལ་ཕན་པ་ཐོབ།

    —པར་ཙིར་གྱི་ཀྲུང་གོའི་གནད་དོན་གྱི་མཁས་དབང་ཨོ་ལེ་ཧྥེ·ཧྲེ་ཐིང་ཁེར་ལ་ཆེད་དོན་བཅར་འདྲི་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་24ཉིན། 10:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། “སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་40སོང་རིང་ཀྲུང་གོའི་འོད་སྟོང་འབར་བའི་གྲུབ་འབྲས་ཀྱིས་གོ་ལ་ཧྲིལ་པོའི་སྒྲིག་ལམ་ལ་རྒྱ་ཁྱབ་དང་ཞིབ་ཚགས་ཀྱི་ཤུགས་རྐྱེན་ཐེབས་ཡོད། ཀྲུང་གོའི་ཇུས་གཞིས་འཛམ་གླིང་གིས་ཤར་ཕྱོགས་ཀྱི་སྐད་སྒྲ་ཐོས་མང་དུ་ཕྱིན་ཡོད།”ཅེས་པར་ཙིར་གྱི་ཀྲུང་གོའི་གནད་དོན་གྱི་མཁས་དབང་ཨོ་ལེ་ཧྥེ·ཧྲེ་ཐིང་ཁེར་ཡིས་པེ་ཅིང་དུ་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་གནང་སྐབས་དེ་ལྟར་བཤད།
         ཧྲེ་ཐིང་ཁེར་ནི་པར་ཙིར་ཝ་ཅཱ་སི་ཐེབས་རྩ་ལྷན་ཚོགས་ཀྱི་རྒྱལ་སྤྱིའི་འབྲེལ་བའི་རིགས་གཅིག་མཁས་ཅན་ཡིན་ཞིང་། ཉེ་དུས་ཁོང་གི་བརྩམས་ཆོས་《ཀྲུང་གོའི་བཅོས་སྐྱོང་གིས་ནུབ་ཕྱོགས་ཀྱི་དུས་རབས་མཇུག་འགྲིལ་བ་》ཞེས་པའི་ནང་ཀྲུང་གོས་མཚོན་བྱེད་དུ་བྱས་པའི་གསར་དར་རྒྱལ་ཁབ་ཀྱིས་འབྱུང་འགྱུར་འཛམ་གླིང་གི་སྒྲིག་ལམ་ལ་བཏོན་པའི་ནུས་པ་བརྗོད་ཡོད།
         ཁོང་གིས་མིག་སྔར་འཛམ་གླིང་གི་སྒྲིག་ལམ་དེ་ལོ་རྒྱུས་རང་བཞིན་གྱི་ཁ་ཕྱོགས་འགྱུར་མཚམས་སུ་གནས་ཡོད། ད་ཆའི་འཛམ་གླིང་གི་སྒྲིག་ལམ་གྱིས་ཕྱོགས་གཅིག་ནས་མིའི་རིགས་ལ་འཕྲད་པའི་འགྲན་སློང་མཐའ་དག་ཐག་གཅོད་བྱེད་ཐབས་བྲལ་བ་དང་། གཅིག་ཤོས་ནས་ད་ཡོད་ཀྱི་སྒྲིག་ལམ་ལ་བསྟུན་མཁས་རང་བཞིན་མེད་པར་བརྟེན་གསར་དར་རྒྱལ་ཁབ་ལ་བར་མཐོངས་མཁོ་འདོན་བྱེད་ཐབས་བྲལ་བའི་ངོས་འཛིན་བྱས།
         ཧྲེ་ཐིང་ཁེར་གྱིས་ཀྲུང་གོ་སོགས་གསར་དར་རྒྱལ་ཁབ་ཐོན་པ་དེས་འཛམ་གླིང་གི་སྒྲིག་ལམ་ལ་འགྱུར་ལྡོག་བྱུང་བའི་ངོས་འཛིན་བྱས་ཤིང་། ཁོང་གིས་དེ་སྔ་སྲོལ་རྒྱུན་རྣམ་པའི་ཐོག་ནས་འབུར་དུ་ཐོན་པའི་རྒྱལ་ཁབ་རྒྱལ་སྤྱིའི་བྱ་བའི་ཐབས་ཇུས་ཁ་ཤས་ནང་ཞུགས་མོད། འོན་ཀྱང་གྲོས་རིམ་གཏན་འཁེལ་ལམ་ཡང་ན་བསམ་ཕྱོགས་གསར་གཏོད་བྱེད་ཐུབ་ཀྱི་མེད། ཀྲུང་གོ་དང་འདྲ་བའི་རྒྱལ་ཁབ་ཀྱིས་གྲོས་བསྡུར་དང་ཐབས་ཇུས་འདོན་པའི་ནང་ཞུགས་པ་མ་ཟད། ད་དུང་གནད་དོན་གང་ཞིག་ལ་གྲོས་བསྡུར་བྱ་རྒྱུ་དང་དེ་བཞིན་གང་འདྲ་བྱས་ཏེ་གྲོས་བསྡུར་བྱེད་རྒྱུའི་ཐད་དངོས་ཡོད་ཀྱི་གྲོས་འགོ་བཏོན་ཐུབ་ཀྱི་ཡོད་ཅེས་བཤད། ཁོང་གིས་དཔེ་དྲངས་ནས། ཀྲུང་གོས་བཏོན་པའི་གྲོས་འགོའི་གསར་དར་ལམ་སྲོལ་དཔེར་ན་ཨེ་ཤེ་ཡ་མ་འཇོག་དངུལ་ཁང་དང་། “རྒྱུད་གཅིག་ལམ་གཅིག” འབོ་གསེར་རྒྱལ་ཁབ་ཀྱི་གསར་སྤེལ་དངུལ་ཁང་གསར་པ་སོགས་ཀྱིས་འབྲེལ་ཡོད་རྒྱལ་ཁབ་ལ་རོགས་རམ་བྱས་ཏེ་རང་ངོས་འཕེལ་རྒྱས་ལ་རྨང་གཞི་བཏིང་ཡོད། གཞན་ཡང་ཀྲུང་གོས་ཡོ་རོབ་མནའ་འབྲེལ་དང་མཉམ་དུ“ལྗང་མདོག་མནའ་འབྲེལ”བཙུགས་པ་དང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་བཅག་རྒྱུའི་གོ་ལ་ཧྲིལ་པོའི་རང་བཞིན་གྱི་བྱ་སྤྱོད་ནང་འགོ་ཁྲིད་ཀྱི་ནུས་པ་བཏོན་པ་དེ་ཀུན་གྱི་མཐོང་ཆོས་སུ་གྱུར་ཡོད་ཅེས་བཤད།
         པར་ཙིར་གྱི་མཁས་དབང་དེས། ད་དུང་ཀྲུང་གོའི་འགོ་ཁྲིད་ཀྱིས་སྲོལ་གཏོད་གནང་བའི“མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ”ཀྱི་འདུ་ཤེས་ལ་དོ་སྣང་ཆེན་པོ་བྱེད་ཅིང་། ཁོང་གིས“རྒྱུད་གཅིག་ལམ་གཅིག”ནི་འདུན་པ་འདི་མངོན་འགྱུར་ཡོང་བའི་ལག་ལེན་གལ་ཆེན་ཞིག་རེད། ཀྲུང་གོས་འབྱུང་འགྱུར་ལོ་བཅུ་གྲངས་ཁ་ཤས་ནང་འཛམ་གླིང་གི་སྒྲིག་ལམ་ལ་ལེགས་སྐྱེས་གལ་ཆེན་འབུལ་ཐུབ་རྒྱུ་མ་ཟད། ཀྲུང་གོ་སོགས་གསར་དར་རྒྱལ་ཁབ་ཀྱིས་འཛམ་གླིང་ལ་སྤྱི་པའི་ཐོན་རྫས་མང་པོ་མཁོ་འདོན་ཐུབ་རྒྱུའི་ངོས་འཛིན་བྱས།
         ད་ཆའི་ཨ་རིའི་སྲིད་ཇུས་ལ་ནང་ཁུལ་ཁོ་ནར་བསྟུན་མང་བའི་འཕེལ་ཕྱོགས་ཐོན་ཡོད། ཧྲེ་ཐིང་ཁེར་གྱིས་ཨ་རིས་རྒྱལ་སྤྱིའི་ཁས་ལེན་རབ་དང་རིམ་པ་ནས་ཕྱིར་འཐེན་བྱས་པ་དང་ལྷག་དོན་དུ་《ཕ་རི་སིའི་གྲོས་དོན་》ནས་ཕྱིར་འཐེན་བྱས་པའི་བྱ་སྤྱོད་དེ་དང་བསྡུར་ན་ཀྲུང་གོའི་འགོ་ཁྲིད་པས་ཕྱོགས་ཡོངས་ནས་འགན་འཁུར་བའི་གོ་ལ་ཧྲིལ་པོ་ཅན་སྲུང་སྐྱོང་བྱེད་མཁན་ཞིག་བྱ་རྒྱུའི་ནན་བཤད་བྱས་ཡོད་ཅེས་བཤད།
         “འགྱུར་ལྡོག་ཆེན་པོ་དེ་ལས་ང་ཚོས་གོ་ལ་ཧྲིལ་པོའི་སྒྲིག་ལམ་ལ་བསམ་བློ་གཏོང་སྟངས་ཐད་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ངའི་བསམ་པར་མི་དེ་བས་མང་བས་འཛམ་གླིང་གི་གནད་དོན་མང་པོ་ཐག་གཅོད་བྱེད་པའི་ཐད་ཀྲུང་གོས་དགེ་མཚན་ལྡན་པའི་ནུས་པ་དེ་བས་མང་བ་འདོན་རྒྱུའི་རེ་བ་བྱེད་ཀྱི་ཡོད”
         ཧྲེ་ཐིང་ཁེར་གྱིས་ཀྲུང་གོས་ད་ཡོད་ཀྱི་སྒྲིག་ལམ་ཞན་དུ་གཏོང་མི་སྲིད་པར། དེ་ལས་ལྡོག་སྟེ་འཛམ་གླིང་ཐོག་གི་ད་ཡོད་ལམ་སྲོལ་ལ་སྲུང་སྐྱོང་དང་རྒྱབ་སྐྱོར་བྱེད་ངེས་དང་ཆབས་ཅིག་གསར་དར་རྒྱལ་ཁབ་གཞན་དག་དང་མཉམ་དུ་རྒྱལ་སྤྱིའི་སྒྲིག་གཞིའམ་ཡང་ན་ལམ་སྲོལ་གསར་པ་འཛུགས་རྒྱུ་དེ་ཕན་ཡོད་ཀྱི་ཁ་གསབ་ཏུ་བྱས་ནས་གོ་ལ་ཧྲིལ་པོའི་སྒྲིག་ལམ་དེ་བས་འཐུས་ཚང་དང་བསྟུན་མཁས་ཐུབ་པ་བྱ་རྒྱུ་རེད་ཅེས་ནན་བཤད་བྱས། 
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།