འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།སྤྱི་བདེ་པུས་དབྱར་དུས་ཀྱི་ལས་འཛོལ་སྔོན་འགོག་གི་བྱ་ཐབས་ཁག་བཞི་བཀོད་སྒྲིག་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་24ཉིན། 10:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། སྤྱི་བདེ་པུའུ་འགྲིམ་འགྲུལ་དོ་དམ་ཅུས་ཀྱིས་རྒྱལ་ཡོངས་ཀྱི་བརྙན་ལམ་ཚོགས་འདུ་འཚོགས་ཏེ། ཉེ་དུས་ཀྱི་རྒྱལ་ཡོངས་འགྲོ་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་དུས་བབ་ལ་བརྡར་གཅོད་དབྱེ་ཞིབ་བྱས་ནས་ས་ཁུལ་ཁག་གིས་དབྱར་དུས་ཀྱི་འགྲོ་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་ཀྱི་མངོན་གསལ་དོད་པའི་ཉེན་ཁ་དང་ཟུང་འབྲེལ་བྱས་ཏེ་གྲོང་གསེབ་ཀྱི་མན་པའོ་རླངས་འཁོར་དང་། འགྲུལ་སྐྱེལ་རླངས་འཁོར། ཆང་བཏུང་འཁོར་གཏོང་སོགས་གཙོ་གནད་ཀྱི་ཁྲིམས་འགལ་བྱེད་སྤྱོད་དང་། དེ་བཞིན་ཆུ་བྲུབ་དུས་ཀྱི་འཕྲལ་སྡོམ་དོ་དམ་སོགས་ལ་གཞིགས་ནས་དམིགས་སའི་རང་བཞིན་གྱི་བྱ་ཐབས་ཁག་བཞི་སྤེལ་ཏེ་རྒྱལ་ཡོངས་ཀྱི་འགྲིམ་འགྲུལ་བདེ་འཇགས་དུས་བབ་རྒྱུན་མཐུད་བརྟན་པོ་ཡོང་བའི་འགན་ལེན་བྱེད་དགོས་པའི་བཀོད་སྒྲིག་བྱས་པ་རེད།
         དབྱར་ཁ་ཤར་བ་དང་བསྟུན་ནས་རྒྱལ་ཡོངས་ཀྱི་ས་ཁུལ་ཕལ་མོ་ཆེར་ཡུལ་སྐོར་བ་མང་བའི་དུས་སུ་སླེབས་པས་འགྲོ་ལམ་འགྲིམ་འགྲུལ་ཐོག་འགྲུལ་བཞུད་བྱེད་ཚད་དང་ལྷག་པར་དུ་ཡུལ་སྐོར་བ་འགྲུལ་བཞུད་བྱེད་ཚད་འཕར་མགྱོགས་པོ་ཡོད། ཚོགས་འདུའི་ཐོག་ས་ཁུལ་ཁག་གིས་འགྲུལ་སྐྱེལ་འཁོར་རིགས་ཀྱི་བདེ་འཇགས་ཆེད་དོན་བཅོས་སྒྲིག་གཏིང་ཟབ་བྱེད་པ་དང་ལྷག་པར་དུ་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་། སྤྱི་བདེ་པུའུ། འཕྲལ་སྡོམ་དོ་དམ་པུའུ་བཅས་ཀྱིས་ཉེ་ཆར་བཟོ་བཅོས་ཡོངས་བསྒྲགས་བྱས་པའི་《འགྲོ་ལམ་གྱི་འགྲུལ་པ་སྐྱེལ་འདྲེན་ཁེ་ལས་ཀྱི་བདེ་འཇགས་དོ་དམ་ཚད་གཞི་》ལག་ལེན་བསྟར་རྒྱུ་དང་ཟུང་འབྲེལ་བྱས་ཏེ། འགྲིམ་འགྲུལ་སྐྱེལ་འདྲེན་དོ་དམ་དང་འཕྲལ་སྡོམ་དོ་དམ་སྡེ་ཚན་དང་མཉམ་དུ་གཅིག་སྡུད་ཐོག་འགྲུལ་སྐྱེལ་བདེ་འཇགས་ཀྱི་དྲིལ་བསྒྲགས་ཆེ་མོ་བྱེད་པ་དང་། འབྱུང་རྩའི་མངོན་མེད་རྐྱེན་ངན་གྲལ་བཤེར་ཆེ་མོ་བྱེད་པ། ལམ་ངོས་ཀྱི་ཁྲིམས་འགལ་བྱེད་སྤྱོད་བཅོས་སྒྲིག་ཆེ་མོ་བྱེད་པ། འགྲུལ་སྐྱེལ་ཁེ་ལས་ཀྱིས་བྱེད་པོའི་འགན་འཁྲི་ནན་པོ་འཁུར་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་འཁོར་རིགས་ལ་བབ་བསྟུན་ངང་ལྟ་སྐུལ་ཚོད་འཛིན་དང་ཁ་ལོ་བའི་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ལ་ཞིབ་བཤེར་ཡོ་བསྲང་གི་ལམ་ལུགས་དོན་འཁྱོལ་ཏན་ཏིག་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
         དབྱར་དུས་ཀྱི་ཆང་བཏུང་འཁོར་གཏོང་སོགས་ཁྲིམས་འགལ་ཚབས་ཆེན་གྱི་གནད་དོན་མངོན་གསལ་དོད་པོར་དམིགས་ཏེ། ཚོགས་འདུའི་ཐོག་ས་ཁུལ་ཁག་གིས་རྒྱལ་ཡོངས་སུ་མཚན་བཤེར་གྱི་གཅིག་སྡུད་གཅིག་གྱུར་བྱ་སྤྱོད་སྤེལ་དགོས་པ་དང་། ལྷག་པར་དུ་ཨུ་རུ་སུའི་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་དུས་མཚམས་གལ་ཆེན་དུ་བརྩི་བ་དང་། གྲོང་ཁྱེར་དང་ལྷག་པར་དུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འབྲེལ་མཚམས་དང་ཟ་བཏུང་རོལ་རྩེད་ཁང་གི་ཉེ་འཁོར་གྱི་འགྲོ་ལམ་གཙོ་གནད་ལ་བརྩིས་ཏེ་གཅིག་སྡུད་ཐོག་ཆང་བཏུང་འཁོར་གཏོང་དང་། ར་བཟི་འཁོར་གཏོང་། དུག་འཐེན་འཁོར་གཏོང་སོགས་འགྲིམ་འགྲུལ་གྱི་གཙོ་གནད་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་གཅིག་སྡུད་ཐོག་ཞིབ་བཤེར་ཐག་གཅོད་བྱས་ནས་མཚན་དགུང་དུ་ལས་འཛོལ་ཐོན་མང་བའི་གནས་ཚུལ་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
         གཞན་ཡང་། དབྱར་ཁ་ཤར་ཚུན། ས་ཁུལ་ཁག་ཏུ་གློག་འཁྱུག་འབྲུག་གྲགས་དང་རླུང་ཤུགས་ཆེ་བ་སོགས་གཏད་རྒྱུག་གནམ་གཤིས་ཡང་སེ་བསྟན་པའི་གནས་ཚུལ་ལ་དམིགས་ཏེ། ས་ཁུལ་ཁག་གིས་ཆུ་བྲུབ་དུས་ཀྱི་འགྲིམ་འགྲུལ་འཕྲལ་སྡོམ་དོ་དམ་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་སྔོན་ཚུད་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་པ་དང་། ཆར་པ་གཏོང་སྐབས་སྒྲིག་ལམ་ལ་དོ་དམ་ཚོད་འཛིན་དང་འཕྲལ་སྡོམ་དོགས་ཟོན་བྱ་རྒྱུར་ཤུགས་སྣོན་རྒྱག་པ། བདེ་འཇགས་དྲན་སྐུལ་དང་དྲིལ་བསྒྲགས་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཆུ་བྲུབ་དུས་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།