འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།“སློབ་མ་ཚང་མ་ཁོང་གི་ནོར་བུ་ལྟ་བུ་ཡིན”

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་29ཉིན། 13:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། “ང་ཨ་མའི་མངལ་དུ་ཡོད་དུས་ནས་བཟུང་དགེ་རྒན་ཞིག་ཏུ་འགྱུར་རྒྱུ་གཏན་ལ་འཁེལ”ཞེས་ཕུའུ་ཏན་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཀྲུང་ཡང་གིས་རྒྱུན་དུ་དེ་ལྟར་གསུང་རྒྱུར་དགའ་པོ་ཡོད། ཁོང་མ་བཙས་གོང་གི་ཆུ་ཚོད་གཅིག་གི་གོང་དུ་སློབ་འབྲིང་དགེ་རྒན་ཡིན་པའི་ཁོང་གི་སྐྱེད་མ་ད་དུང་སློབ་ཕྲུག་ཚོར་སློབ་ཚན་འཁྲིད་བཞིན་ཡོད།
         དགེ་རྒན་བྱ་རྒྱུ་ནི་ཁོང་གི་ཕུགས་འདུན་རེད། ལོ་36ལ་སླེབས་པའི་ཀྲུང་གོ་ཚན་རིག་ཁང་ཝུའུ་ཧན་སྐྱེ་དངོས་ཞིབ་འཇུག་སུའོ་རུ་ཕྱག་ལས་གནང་བཞིན་པའི་ཀྲུང་ཡང་ལ་དགེ་རྒན་ཆེ་མོ་བ་ཁྲེན་ཅ་ཁོན་གྱིས་བསྐུར་བའི“ཕུའུ་ཏན་སློབ་ཆེན་དུ་དགེ་རྒན་བྱེད་པར་ཤོག”ཅེས་པའི་གདན་ཞུའི་ཡི་གེ་འབྱོར། ཁོང་གིས་ཐེ་ཚོམ་མེད་པར་ཅུས་རིམ་པ་གཞོན་པའི་གོ་གནས་དོར་ནས་ནང་མི་ཚང་མ་ཧྲང་ཧའེ་རུ་སྤོས་ཏེ་གོ་གནས་གང་ཡང་མེད་པའི་དགེ་རྒན་ཆེ་མོ་བ་ཞིག་བྱས། སྐུ་གཤེགས་སྐབས་ཀྱང་ཁོང་སྔར་བཞིན་ཁྲུའུ་རིམ་པའི་གོ་གནས་ཙམ་ཡིན།
         ཁོང་ནི་དགེ་རྒན་གཞན་དང་འདྲ་གི་མེད། དགེ་རྒན་ཕལ་ཆེ་བས་རྨང་གཞི་ལེགས་པ་དང་རིག་པ་རྣོ་བའི་སློབ་ཕྲུག་ལ་དགའ་པོ་ཡོད། འོན་ཀྱང་ཁོང་གིས་རྒྱུན་དུ“དམིཌ་བསལ”གྱི་སློབ་མ་དང“རིག་སྟོབས་དམན་པའི”སློབ་མ་བསྡུ་གི་ཡོད།
         དབྱང་ཀྲེན་ནི་སྒལ་རུས་འཁུམ་པའི་ནད་པ་ཞིག་ཡིན་པ་དང་སེམས་ནང་གྲགས་ཅན་སློབ་གྲྭར་ཟབ་སྦྱོང་བྱེད་པར་སྐྱོད་འདོད་ཆེན་པོ་ཡོད་ཀྱང་བསྡུ་གི་མ་རེད་སྙམ་གྱི་ཡོད། མཐར་བློ་ཁོག་ཆེན་པོས་རྒན་ཀྲུང་ལགས་ལ་འཕྲིན་ཡིག་བསྐུར། བསམ་ཡུལ་ལས་འདས་པ་ཞིག་ལ། རྒན་ཀྲུང་ལགས་ཀྱིས་མགྱོགས་མྱུར་ཁོང་ཐུག་པ་མ་ཟད། ཕུགས་འདུན་སྒྲུབ་དགོས་པའི་སྐུལ་ལྕག་གནང་བ་དང་འབྲེལ་བསྐྱར་སྦྱོང་བྱེད་རོགས་གནང་བ་རེད། དབྱང་ཀྲེན་གྱིས་སྙིང་རུས་ཆེན་པོས་སློབ་སྦྱོང་བྱས་པར་བརྟེན་མཐར་རྒྱུགས་འཕྲོད། “ངས་ཁྱེད་བསྡུས་པ་དེ་དམིགས་ཡུལ་གཞན་གྱི་ཆེད་དུ་མིན། ཁྱོད་ལ་ཚན་ཞིབ་པ་ཞིག་བྱ་རྒྱུའི་ཆ་རྐྱེན་འཛོམས་འདུག”ཅེས་པའི་རྒན་ཀྲུང་ལགས་ཀྱི་བཀའ་མོལ་དེ་ད་བར་དབྱང་ཀྲེན་གྱི་སེམས་ནང་ལམ་སྟོན་གྱི་སྒྲོན་མེ་ལྟ་བུ་ཞིག་ཏུ་གྱུར་ཡོད།
         རྒན་ཀྲུང་ལགས་ཀྱི་ཕྱག་ལས་ནི་ཐང་སྟོང་དུ་ཚན་རིག་རྟོག་ཞིབ་གནང་རྒྱུ་དེ་རེད། དབྱང་ཀྲེན་གྱི་གཟུགས་པོ་ཡག་པོ་མེད་པས་ཕྱིར་བསྐྱོད་ཐབས་བྲལ། གང་འདྲ་བྱེད་དགོས་སམ། སྐྱེ་དངོས་ཆ་འཕྲིན་རིག་པའི་ལས་དེ་བྱེད་དུ་བཅུག་ན་སྙམ། རྒན་ཀྲུངལགས་ཀྱིས་དབྱང་ཀྲེན་ལ་འཚམ་པའི་ལས་ཀ་ཞིག་བཀོད་སྒྲིག་གནང་བ་དང་ལོ་དྲུག་ཏག་ཏག་ཚན་ཞིབ་དམར་ཁྲིད་གནང་བ་རེད། ད་ཆ་ཀྲུང་གོ་ཚན་རིག་ཁང་གི་ཞིབ་འཇུག་པ་གཞོན་པ་ཡིན་པའི་དབྱང་ཀྲེན་གྱིས་སྔར་སོང་གི་བྱ་བར་དྲན་གསོ་བྱེད་སྐབས་སེམས་འགུལ་ཚད་མེད་ཐེབས་བཞིན“རྒན་ཀྲུང་ལགས་ནི་ངའི་མི་ཚེའི་ལམ་སྟོན་སྒྲོན་མེ་ལྟ་བུ་ཡིན། ང་གཟུགས་པོ་ཡག་པོ་མེད། འོན་ཀྱང་ངས་རྒན་ལགས་ཁོང་དང་འདྲ་བར་རང་ཉིད་ཀྱི་བློ་གྲོས་རྒྱལ་ཁབ་ཀྱི་དགོས་མཁོ་ཆེ་སར་ལེགས་སྐྱེས་འབུལ་རྒྱུ་ཡིན”ཞེས་བཤད།
         “ས་བོན་ཡག་པོ་མེད་ན། ཕན་ཐོགས་མེད་པར་བརྩི་རྒྱུ་མེད”ཅེས་པའི་རྩ་དོན་དེ་འཛིན་བཞིན་ཁོང་གིས་སློབ་མ་གཅིག་ཀྱང་དོར་མི་གནང་བར་ཚང་མ་རང་ཉིད་ཀྱི་རྩ་ཆེའི་ནོར་བུར་བརྩིས་གནང་གི་ཡོད།
        གྲངས་ཉུང་མི་རིགས་ཀྱི་སློབ་མའི་རྨང་གཞི་སྐྱོ་ཙམ་ཡོད་པས་རྒན་ཀྲུང་ལགས་ཀྱིས“སྐྱེ་དངོས་རིག་པར་དགའ་ཞེན་བྱེད་པའི་སེམས་པ་ཡོད་དགོས། རྨང་གཞི་སྐྱོ་ཡང་སྐྱོན་མེད། ངས་བསླབ་ཆོག གང་འདྲ་བྱས་ནས་ཚན་ཞིབ་བྱེད་དགོས་སམ། ཕ་ཡུལ་གྱི་དམིགས་བསལ་སྐྱེ་དངོས་ལ་ཞིབ་འཇུག་བྱ་རྒྱུར་ཁྱེད་ཚོར་ལེགས་ཆ་ལྡན་ཡོད། འབད་བརྩོན་གྱིས་ཤིག ངས་ཁྱེད་ཚོར་ཞབས་འདེགས་ཞུས་ཆོག”ཅེས་སྐུལ་ལྕག་གནང་གི་ཡོད། དེ་ལྟར་ཁོང་གི་ཚོད་ལྟ་ཁང་ནང་བོད་ཀྱི་སྐྱེ་དངོས་དང་ཉིང་ཞའི་འདྲེ་ཚེར་མ་ཞིབ་འཇུག་བྱེད་མཁན་མང་དུ་ཕྱིན་པ་མ་ཟད། ཤེས་ལྡན་མི་སྣ་ཆར་རྗེས་ཀྱི་མྱུ་གུ་བཞིན་དུ་འཕེལ།
         སློབ་ཁང་ནང་གི་སློབ་ཚན་ཉན་རྒྱུར་དགའ་པོ་ཡོད་པའི་སློབ་མ་ཞིག་ཡོད་པར་རྒན་ཀྲུང་ལགས་ཀྱིས་རྒྱལ་སྤྱིའི་སློབ་མའི་སློབ་ཚན་ཁྲིད་པ་དང་ལོ་ཤས་སྦྱོང་བརྡར་བྱས་པ་བརྒྱུད་སློབ་མ་དེ་ཕུའུ་ཏན་ཞོར་གཏོགས་སློབ་འབྲིང་གི་རྒྱལ་སྤྱིའི་ཚན་ཁག་ཏུ་ལས་ཀར་ཞུགས་ཐུབ་པ་བྱུང་བ་དང་། སློབ་མ་ཞིག་ཚན་ཞིབ་བྱ་རྒྱུར་དགའ་པོ་མེད་པར་རྒྱལ་སྤྱིའི་ལས་དོན་དང་སྣེ་ལེན་བྱ་རྒྱུའི་ལས་ལ་དགའ་པོ་ཡོད་པས། རྒན་ཀྲུང་ལགས་ཀྱིས་དེ་དང་འབྲེལ་བ་ཡོད་པའི་ལས་དོན་སྒྲུབ་ཏུ་བཅུག་པར་བརྟེན། ད་ཆ་སློབ་མ་དེ་ཏན་མའེ་གཞུང་ཚབ་ཁང་དུ་ལས་ཀ་བྱེད་ཀྱི་ཡོད། རྒན་ཀྲུང་ལགས་ཀྱི་སློབ་མ་གསོ་སྐྱོང་གནང་བའི་ལོ་30ལྷག་ཙམ་གྱི་ལོ་ཟླའི་ནང་གཏམ་རྒྱུད་དེ་འདྲ་མང་པོ་ཡོད། རྒན་ཀྲུང་ལགས་ཀྱིས་སེམས་བཟང་ཚིག་ནན་ངང“སློབ་གསོ་ཡག་པོ་ཞིག་ནི་སློབ་མ་སྐྱོང་རྒྱུ་ཁོ་ན་ཙམ་མིན་པར། སློབ་མར་རོགས་རམ་མང་ཙམ་བྱས་ཏེ་རང་ཉིད་ཀྱི་ཕུགས་འདུན་སྒྲུབ་ཐུབ་པ་བྱེད་དགོས”ཞེས་གསུངས་ཀྱི་ཡོད།
         རྒན་ཀྲུང་ལགས་ཀྱིས་སློབ་མའི་དཔྱད་རྩོམ་བཅོས་སྐབས་དཔྱད་རྩོམ་གཅིག་ལ་ཆུ་ཚོད་30ལྷག་ཙམ་འགོར་གྱི་ཡོད་ལ་བཅོས་ནན་པོ་བརྒྱབ་པའི་ཡིག་འབྲུ་དམར་པོས་ཁེངས་ནས་ཡོད། ཞོགས་པ་ཚོད་ལྟ་ཁང་དུ་སྐྱོད་སྐབས་ཞོགས་ཟས་མང་ཙམ་ཉོ་བའི་གོམས་གཤིས་ཡོད་ཅིང་། ཁོང་གིས“སློབ་ཕྲུག་ལ་ལ་རྒྱུན་དུ་ཞོགས་ཟས་བཟའ་བའི་གོམས་གཤིས་མེད་པ་དེས་ཕོ་བར་གནོད་པ་ཆེན་པོ་ཡོད། དེར་བརྟེན་ངས་ཞོགས་ཟས་མང་ཙམ་ཉོ་ཡི་ཡོད”ཅེས་གསུངས་བྱུང་། ཐང་སྟོང་དུ་རྟོག་ཞིབ་བྱེད་པར་བསྐྱོད་སྐབས་ཉིན་མོ་ཁོང་གིས་རྟག་ཏུ་རླངས་འཁོར་གྱི་རྒྱབ་ཏུ་བཞུགས་པ་དང་། མཚན་མོ་ཁོང་གིས་ཁ་ལོ་བའི་འགྲམ་གྱི་རྐུབ་སྟེགས་ཐོག་བཞུགས་ནས་ཁ་ལོ་བ་དང་ཅི་འཕྲོས་མོལ་འཕྲོས་གནང་སྟེ་ཁ་ལོ་བ་གཉིད་མ་ཤོར་བ་བྱས་ནས་ཚང་མ་བདེ་འཇགས་ཡོང་བ་བྱེད་ཀྱི་ཡོད། ས་མཐོར་གསོ་རླུང་དཀོན་པར་བརྟེན་ཁོང་གིས་གསོ་རླུང་ཡོ་ཆས་སློབ་ཕྲུག་ལ་སྤྲད་ནས་རང་ཉིད་ལ་གསོ་རླུང་མི་འདང་ནའང“ང་གོམས་འདུག སྐྱོན་མེད”ཅེས་གསུངས་ཀྱི་ཡོད། 2015ལོར་ཁོང་ལ་ཀླད་ཁྲག་གི་ནད་ཕོག་སྐབས་ཀྱང་གསོ་རླུང་རྔུབས་བཞིན་སློབ་མ་ཚོར་སློབ་ཁྲིད་མཐའ་འཁྱོངས་གནང་གི་ཡོད།
         ད་ཆ་རྒན་ལགས་ཁོང་སྐུ་གཤེགས་ཟིན་ནའང་སློབ་མའི་སེམས་ནང་ཁོང་ནམ་ཡང་གནས་ཡོད། བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་གཞོན་པ་ཡིན་པའི་ཁོང་གི་སློབ་ཕྲུག་བདེ་སྐྱིད་ཀྱིས་ཉིན་ལྟར་རྒན་ཀྲུང་ལགས་ཀྱི་སྐུ་པར་བཀལ་བའི་བར་ཁྱམས་བརྒྱུད་ནས་སྐྱོད་སྐབས་ཁོང་གི་སྐུ་པར་མདུན་དུ་ཡུན་རིང་ལངས་ནས་རང་ཉིད་ཀྱི་ལས་ཀའི་སྐོར་བརྗོད་ཀྱི་ཡོད། རབ་འབྱམས་པའི་ཞིབ་འཇུག་སློབ་མ་སྤེན་སྒྲོན་གྱིས་རང་ཉིད་ལ་དཀའ་ངལ་འཕྲད་སྐབས་རྒན་ཀྲུང་ལགས་སྐུ་གཤེགས་ཟིན་ཡང་ཁོང་ལ་སྐད་འཕྲིན་བསྐུར་གྱི་ཡོད།
        “ལོ་བཅུ་དྲུག་ནང་། བོད་སྐྱོར་དང་རྒྱལ་ཁབ་ལ་དྲིན་ལན་འཇལ་ནས་ནུབ་རྒྱུད་སེམས་སུ་བཅངས། འཚོ་བཞུགས་ཀྱི་ལོ་ཟླའི་ནང་། སྐད་གྲགས་མེད་པར་ཤེས་ལྡན་མི་སྣ་སྐྱོང་བའི་ལས་ལ་བྲེལ”ཞེས་པ་ནི་རྒན་ཀྲུང་ལགས་ཀྱི་མི་ཚེའི་བསྡུས་རིས་ཡིན། རྒན་ཀྲུང་ལགས་ཀྱིས“ཚེ་སྲོག་དང་བྲལ་རྒྱུར་སྐྲག་གི་མི་འདུག ངའི་སློབ་མ་ཚོས་ཚན་རིག་འཚོལ་ཞིབ་ཀྱི་ལམ་བུའི་ཐོག་མུ་མཐུད་སྐྱོད་སྲིད”ཅེས་གསུངས་ཀྱི་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།