འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ང་ཚོའི་བདེ་སྐྱིད་ལྡན་པའི་འཚོ་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་28ཉིན། 13:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ང་ཚོའི་བདེ་སྐྱིད་ལྡན་པའི་འཚོ་བ།
         མི་དམངས་དྲ་བའི་འཕྲིན།      1959ལོའི་ཟླ་3ཚེས་28ཉིན། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་ཞིང་བྲན་བཅིངས་འགྲོལ་གཏོང་རྒྱུ་ལྟེ་བའི་དམིགས་ཡུལ་དུ་བྱས་པའི་མང་ཚོགས་རང་བཞིན་གྱི་དམངས་གཙོའི་བཅོས་སྒྱུར་གྱི་ལས་འགུལ་སྤེལ་ཏེ་རུལ་སུངས་ཀྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྦད་དེ་རྩ་མེད་བཏང་ཡོད། དུས་དེ་ནས་བཟུང་། ཞིང་བྲན་ཚོར་ས་ཞིང་དང་ཕྱུགས་རིགས་སོགས་ཐོན་སྐྱེད་རྒྱུ་ཆ་བགོ་བཤའ་ཐོབ་ནས་ལོ་ངོ་བརྒྱ་ཕྲག་དུ་མའི་ནང“སྐད་ཆ་ཤོད་ཤེས་པའི་རྟ་ཟོག་སེམས་ཅན”ལ་བརྩི་བའི་ཞིང་བྲན་རྣམས་རྒྱལ་ཁབ་དང་རང་ཉིད་ལས་དབང་གི་བདག་པོར་ཐོག་མར་གྱུར་པ་རེད།
         ལོ་59ཡི་རིང་། ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་གྱི་རྒྱབ་སྐྱོར་འོག བོད་ཀྱི་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས་བཅས་བྱ་གཞག་ཁག་ལ་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཐོབ་པ་དང་། དུས་ཐུང་ལོ་ངོ་བཅུ་ཕྲག་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་ཡོད། ད་ཆ་མཐུན་སྒྲིལ་དང་། དམངས་གཙོ། འབྱོར་ཕྱུག ཤེས་དཔལ། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཞིག་གངས་ལྗོངས་ས་མཐོར་འགྱིང་ངེར་གནས་ལ་འཛམ་གླིང་དུ་ཕྱོགས་བཞིན་ཡོད། བོད་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་། སློབ་གསོ་དང་། ཚན་རྩལ། རིག་གནས། འཕྲོད་བསྟེན་བཅས་ཀྱི་བྱ་གཞག་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ཡོད། ལོ་བཅུ་ཕྲག་ནང་བོད་འཕེལ་རྒྱས་དང་ཡར་ཐོན་ལ་ཐོབ་པའི་གྲུབ་འབྲས་ཧ་ཅང་ཆེན་པོ་ནི་ཏང་ཀྲུང་དབྱང་གི་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་། མང་ཚོགས། རྒྱལ་གཅེས་མི་སྣ་བཅས་དང་བོད་སྡོད་དཔུང་སྡེས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་དཀའ་སྤྱད་འབད་འཐབ་བྱས་པ་ལས་ཐོབ་པའི་འབྲས་བུ་ཞིག་རེད།
         ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་དང་གཟིགས་སྐྱོང་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་གཙོ་སྐྱོང་གནང་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་ཕན་པའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་གཏན་འཁེལ་གནང་བ་སྟེ། ནག་ཆུ་ས་ཁུལ་གྱིས་ཚན་རྩལ་ལ་བརྟེན་ནས་ཤིང་འཛུགས་པའི་ཐད་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ་དང་། ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ་སྐུ་ངོ་མས་འཕྲིན་ལན་སྤྲིངས་པ་སོགས་ལས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འདེགས་སྐྱོར་གལ་ཆེན་ཐུབ་པ་མ་ཟད། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོའི་ཡིད་ཆེས་དང་ཆོད་སེམས་ཀྱང་ཧ་ཅང་ཆེ་རུ་ཕྱིན་ཡོད།
         བོད་ལྗོངས་ཀྱི་འདས་ཟིན་པའི་ལོ་བཅུ་ཕྲག་ལ་ཕྱིར་དྲན་བྱེད་སྐབས། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས། ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུ་མཐའ་འཁྱོངས་བཅས་བྱས་ཚེ་གཞི་ནས་བོད་འཕེལ་རྒྱས་དང་དར་རྒྱས་ཡོང་ཐུབ་པ་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་གཞི་ནས་ད་ཆའི་བདེ་སྐྱིད་འཚོ་བ་དང་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཡོང་ཐུབ་པ་ང་ཚོར་མྱོང་ཚོར་ཟབ་མོ་བྱུང་།
    【1】  【2】  【3】  【4】
    ༄༅།།ང་ཚོའི་བདེ་སྐྱིད་ལྡན་པའི་འཚོ་བ།
      

    ཕྱོགས་བསྡུས་གསར་འགྱུར།