འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།གནས་སྤོས་ཡུལ་མིའི་ཁུལ་གསར་ནང་གི་བོད་ཀྱི་ལོ་གསར། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་25ཉིན། 14:54】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ན་ནིང་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གཅན་ཚ་རྫོང་གཅན་ཚ་ཐང་ཤང་གི་ལོ་བ་དང་། རྐང་མོ། བདེ་སྐྱིད། སྐར་ལྔ་བཅས་གྲོང་ཚོ་བཞིའི་འབྲོག་པ་གཅིག་རྗེས་གཉིས་མཐུད་ངང་ས་སྒ་ཉག་ག་དབུལ་སྐྱོར་གནས་སྡོད་བྱ་ཡུལ་དུ་སྤོས་པ་དང་། རི་ཁུག་ཏུ་ཐར་ཐོར་དུ་གནས་པའི་བོད་རིགས་ཀྱི་འབྲོག་པ་ཚོར་གཞི་ནས་རྒྱ་ཆེ་བའི་ཁང་གསར་དང་གྲལ་སྟར་འགྲིག་པའི་སྒོ་རའི་ནང་སྡོད་རྒྱུ་བྱུང་བ་དང་། བདེ་སྐྱིད་གྲོང་ཚོའི་བློ་བཟང་བཀྲ་ཤིས་ཁྱིམ་གྱིས་ཀྱང་གནས་སྤོས་བྱ་ཡུལ་དུ་ལོ་གསར་ཐེངས་དང་པོ་བཏང་བ་རེད།
          “འདི་ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ཏག་ཏག་ཉིན་གཅིག་ལ་འཁེལ་ཡོད། དྲོ་སྐྱིད་ལྡན་པའི་ཁང་ཁྱིམ་གསར་པར་དཔྱིད་གསར་དུས་ཆེན་གཏོང་རྒྱུ་བྱུང་བས་ལོ་གསར་པར་ཐམས་ཅད་བཀྲ་ཤིས་བདེ་ལེགས་ཡོང་ངེས་རེད”ཅེས་སྐལ་བཟང་བཀྲ་ཤིས་ཀྱི་སྤོ་བོ་འབྲུག་བྱམས་རྒྱལ་གྱིས་བརྗོད། ཉིན་དགུང་འབྲུག་བྱམས་རྒྱལ་གྱིས་ནང་མི་མི་རེ་ངོ་རེའི་ཕྱུ་པ་བཏོན་པ་དང་། བོད་རིགས་མང་ཚོགས་ཀྱི་གོམས་སྲོལ་བཞིན་གནམ་གང་གི་ཉིན་དེར་ཁྱིམ་ཚང་ཚང་མས་རང་ཁྱིམ་དུ་གཙང་སྦྲ་བྱེད་པ་དང་པགས་རྩག་ཉི་མར་སྐམ་ནས་ལོ་གསར་ལ་གྲ་སྒྲིག་བྱས།
          “སྔོན་མ་ཕྱུགས་འཚོ་དུས་ང་ཚོ་སྦྲ་གུར་ནང་སྡོད་ཀྱི་ཡོད། ས་ཆ་གང་དུ་རྩྭ་ཆུ་འཛོམས་ན་དེ་གར་སྤོ་དགོས། ཕྱུགས་འཚོ་དགོས་མེད་པའི་དུས་སུ་ནང་མི་ཚང་མ་ས་ཕག་ཁང་པའི་ནང་སྡོད་པ་དང་ཁང་པའི་ཐོག་ཁ་ནི་ལྕང་མའི་ཡལ་གས་བཀབ་པས། དུས་རྒྱུན་དྲག་ཆར་འབབ་སྐབས་སེམས་ཁྲལ་ཧ་ཅང་ཆེན་པོ་འདུག”ཅེས་ལོ་50ལ་སླེབས་པའི་ནམ་མཁའ་རྒྱ་མཚོས་ནུས་རྒྱུ་བསྲི་ཚགས་ཀྱི་ཐབ་འགྲམ་དུ་སྐྱིལ་ཀྲུང་དུ་བསྡད་ནས་མཆོད་མེའི་སྡོང་རས་བཟོ་བཞིན་དེ་ལྟར་བཤད་པ་དང་། ཐབ་སྟེང་གི་ཁོག་མའི་ནང་ཁ་ཉིན་བཟའ་ཟླས་བཟོས་པའི་ལུག་ཤའི་ཤ་མོག་རླངས་པ་འཚུབ་འཚུབ་ངང་བཙོ་བཞིན་མཆིས།
         ཤེས་རྟོགས་བྱས་པར་གཞིགས་ན། གཅན་ཚ་ཐང་ཤང་ནི་གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་ཁུལ་གྱི་ལྟེ་བར་གནས་ཡོད་པ་དང་། རང་བྱུང་ཆ་རྐྱེན་ཧ་ཅང་ཞན་ལ་སྤྱོད་རུང་བའི་ཐོན་ཁུངས་ཉུང་ཉུང་ཡིན་པ་དེ་ས་ཆ་དེ་གའི་འབྲོག་པ་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བའི་འགལ་རྐྱེན་གཙོ་བོ་ཡིན་པ་རེད།
         གཅན་ཚ་ཐང་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་དཔལ་འབྲུག་གིས་ངོ་སྤྲོད་བྱས་དོན། གྲོང་མི་དེ་བས་མང་བ་དབུལ་སྒྲོལ་ཡོང་ཆེད། 2017ལོར་གཅན་ཚ་ཐང་ཤང་གིས་རྐང་མོ་དང་། བདེ་སྐྱིད། སྐར་ལྔ། ལོ་བ་བཅས་གྲོང་ཚོ་བཞིའི་མང་ཚོགས་དུད་ཚང་842ཡི་མི་3794གཅིག་སྡུད་ཐོག་འགྲིམ་འགྲུལ་སྟབས་བདེ་བ་དང་མི་འབོར་འདུ་འཛོམས་ཀྱི་ས་སྒ་ཉག་ག་གནས་སྤོས་བྱས་པ་རེད། ད་ཆ་ཁྱིམ་ཚང་ཚང་མར་སྨི་ངོས་གྲུ་200ཡོད་པའི་སྒོ་ར་ཡོད་པ་དང་། ཁང་པ་བསྐྱར་སྐྲུན་བྱས་པའི་དུད་ཚང་དབུལ་པོ་རེ་རེས་མ་དངུལ་སྒོར་ཁྲི་1ལས་འདོན་དགོས་མེད་པ་དང་། དུད་ཚང་དབུལ་པོ་མ་ཡིན་པའི་དུད་ཁྱིམ་རེ་རེས་སྒོར་ཁྲི་4.7ལས་འདོན་དགོས་མེད་པ་རེད། དེ་བྱིངས་ཀྱི་འགྲོ་སོང་ཚང་མ་སྲིད་གཞུང་གིས་འགན་ཁུར་ཡོད།
         སྐལ་བཟང་བཀྲ་ཤིས་ཀྱིས་བོད་ཆས་གསར་པ་གྱོན་ཞིང་། བྱི་རིལ་བྱུར་བུར་བླུགས་པའི་རྒྱབ་ཁུག་ཆུང་ཆུང་རྒྱབ་ཏུ་ཁྱེར་ཏེ་ཁྱིམ་གྱི་སྒོ་ཁ་ནས་སྐད་ཆེན་པོས“ལོ་གསར་བཀྲ་ཤིས་བདེ་ལེགས”ཞེས་བོས་པ་དང་། དགོང་མོའི་ཆུ་ཚོད་12ཡོལ་ཙམ་ལ་གཞོན་ནུ་ཚང་མས་ཁ་བཏགས་དང་ཆང་ཁྱེར་ནས་གྲོང་ཚོའི་རྒན་རྒོན་ཚོར་ལོ་གསར་གྱི་འཚམས་འདྲི་ཞུ་བ་དང་ས་སྒ་ཉག་གས་ཀྱང་ཤོག་སྦག་གི་སྒྲའི་ཁྲོད་ལོ་གསར་བསུས།
      

    ཕྱོགས་བསྡུས་གསར་འགྱུར།