འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི་ནོར་ཤུགས་75%ཡན་དམངས་འཚོར་བཏང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་25ཉིན། 14:48】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ལོ་གསར་གོང་མཚོ་སྔོན་ཞིང་ཆེན་བ་ཡན་ཧུད་རིགས་རང་སྐྱོང་རྫོང་རྩ་བ་གྲོང་རྡལ་སྡོང་བོ་ལ་ཁ་དང་གླག་ཚང་གྲོང་ཚོ་གཉིས་ཀྱི་ཡུལ་གཞན་དུ་གནས་སྤོས་རྣམ་གྲངས་བསྐྲུན་ཟིན་པ་དང་། ཡུལ་མི་ཧན་ཅིན་ཀྲི་ཁང་པ་གསར་པར་སྤོས་པས“གྲོང་རྡལ་ནང་སྤོས་རྗེས་ཚ་བོ་ཉེ་སར་སློབ་གྲྭར་འགྲོ་རྒྱུ་བྱུང་བ་མ་ཟད། ལོ་གསར་གྱི་མཁོ་ཆས་ཉོ་བར་ལ་བརྒྱབ་ཀླུང་བརྒལ་བྱེད་དགོས་ཀྱི་མེད་པས་སྐྱིད་པོ་འདུག”ཅེས་བཤད།
          “དེ་སྔ་ལོ་གཅིག་ནང་ཆང་མང་ཤོས་ལ་རྒྱ་མ་1000ལྷག་ཙམ་ལས་བསྙལ་གྱི་མེད། ན་ནིང་ཆང་རྒྱ་མ་4000ལྷག་ཙམ་བསྙལ་བར་ཁེ་བཟང་སྒོར་ཁྲི་6ལྷག་ཙམ་བྱུང་། སྦང་མ་བེད་སྤྱད་ནས་ཕག་པ་མགོ་གྲངས་17གསོས་པ་ལས་མགོ་གྲངས་14བཤས་བཏང་བར་ཡོང་འབབ་ཁེ་གཙང་སྒོར་ཁྲི་1ལྷག་ཙམ་བྱུང”ཞེས་སྤྱི་ལེ་7ཙམ་གྱིས་ཆོད་པའི་རི་ཁུག་ནས་འདིར་གནས་སྤོས་བྱས་པའི་དགོན་ལུང་ཧོར་རིགས་རང་སྐྱོང་རྫོང་བ་ཡན་གྲོང་གསར་གྱི་གྲོང་མི་ལུའུ་ཡིའུ་ཅིན་གྱིས“གྲོང་གསར་གྱི་རྣམ་པ་མཛེས་པ་དང་འགྲིམ་འགྲུལ་ཡང་སྟབས་བདེ་བས་གྲོང་ཚོའི་ནང་ང་ཚོ་ཧོར་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་མྱོང་རོལ་བྱེད་མཁན་མི་མི་ཉུང་བ་ཞིག་ཡོང་བས་ཆང་ཚོང་ཡང་ཡག་ཏུ་ཕྱིན་སོང”ཞེས་བཤད།
          2017ལོར་མཚོ་སྔོན་གྱི་དུད་ཚང་ཁྲི་2.5ཡི་མི་གྲངས་ཁྲི་9ལྷག་ཙམ་སྔ་རྗེས་སུ་རི་ཁུག་ནས་ཚོང་འདུས་གྲོང་རྡལ་ལམ་ཡང་ན་གཞུང་ལམ་གྱི་ཉེ་འགྲམ་དུ་གནས་སྤོས་བྱས་པས། སྔོན་དཔག་བྱས་ན། འདི་ལོའི་ལོ་མཇུག་ཏུ་སླེབས་སྐབས་མི་ཁྲི་20ཙམ་རི་ཁུག་ནས་གནས་སྤོས་བཀོད་སྒྲིག་ཐུབ་རྒྱུ་རེད། འདི་ལོ་མཚོ་སྔོན་གྱིས་མི་སེར་གྱི་བདེ་སྡོད་ལས་གྲྭ་མུ་མཐུད་ལག་བསྟར་བྱས་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་སྐྱོ་ཁུལ་གྱི་དུད་ཚང་ཁྲི་3.05སྒྱུར་བཀོད་དང་། དུད་ཚང་ཁྲི་2ཕྱོགས་བསྡུས་སྒྱུར་བཀོད། ཞིང་འབྲོག་པའི་ཉེན་ཁང་དང་ཁང་པ་རྙིང་པའི་དུད་ཚང་ཁྲི་6སྒྱུར་བཀོད་བྱ་རྒྱུའི་འཆར་གཞི་ཡོད་པ་རེད།
          ཡུལ་གཞན་དུ་གནས་སྤོས་བྱ་རྒྱུ་ནི་མཚོ་སྔོན་གྱིས་དམངས་འཚོ་ལེགས་སུ་གཏོང་བའི་བྱ་ཐབས་ཤིག་ཡིན། “ལོ་མང་རིང་མཚོ་སྔོན་གྱིས་དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་དམིགས་ཚད་ཨང་དང་པོར་བརྩིས་ནས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་ཁྱབ་ཁོངས་དང་། དེ་བཞིན་གཙོ་གནད་རྣམ་གྲངས་ཡང་དག་བདམས་ཏེ་དམངས་འཚོར་གཏོང་ཆ་གཏོང་ཤུགས་ཐོག་མཐའ་བར་གསུམ་དུ་ཉུང་དུ་བཏང་མེད”ཅེས་མཚོ་སྔོན་ཞིང་ཆེན་གྱི་འགན་འཁུར་བློ་མཐུན་གཙོ་བོས་དེ་ལྟར་བརྗོད།
          “མཚོ་སྔོན་གྱིས་ལོ་ལྟར་ནོར་ཤུགས་ནས་75%ཡན་དམངས་འཚོ་རིམ་བཞིན་བརྟན་དུ་འགྲོ་རྒྱུར་གཏོང་གི་ཡོད”ཅེས་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིང་གི་འགན་འཁུར་བས་གསར་འགོད་པར་བརྗོད། ཁོང་གིས་འདི་ལོ་མཚོ་སྔོན་གྱིས་མི་འབོར་དབུལ་པོ་ཁྲི་15དབུལ་སྒྲོལ་ཐུབ་རྒྱུར་སྐུལ་འདེད་བཏང་སྟེ་དུས་ཐེངས་གསུམ་པའི་སློབ་ཞུགས་གོང་གི་སློབ་གསོའི་བྱ་སྤྱོད་འཆར་གཞི་དང་མཐོ་རིམ་སློབ་འབྲིང་གི་འགག་སྒྲོལ་འཆར་གཞི་ཕྱོགས་ཡོངས་ནས་ལག་བསྟར་བྱས་ནས“སློབ་གསོར་བརྟེན་ནས་རྨང་གཞི་བརྟན་གཏོང་དང་། ལས་ཞུགས་འབབ་འཕར། མི་སེར་བདེ་སྡོད། དམངས་ཡོངས་བདེ་ཐང་། བདེ་སྐྱིད་ལྡན་པའི་ངང་རྒན་གསོ། ཉམས་ཞན་ལ་རོགས་རམ། མཛེས་སྡུག་ལྡན་པའི་ཁྱིམ་གཞིས”སོགས་གཙོ་བོར་བྱས་པའི“དམངས་འཚོའི་བྱ་བ་དངོས་ཀྱི་འདུ་འགོད”ལག་ལེན་བསྟར་ཏེ་མང་ཚོགས་ཀྱི་ཐོན་སྐྱེད་དང་། འཚོ་བ། སྣོད་བཅུད་བཅས་འཁོར་རྒྱུག་བཟང་པོ་ཞིག་ཆགས་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བརྗོད་བྱུང་།
      

    ཕྱོགས་བསྡུས་གསར་འགྱུར།