འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ས་མཐོར་གྲོང་གསེབ་ཡུལ་སྐོར་དར། གྲོང་མིའི་འཚོ་བ་ཉིན་བཞིན་སྐྱིད།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་25ཉིན། 14:56】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          འདི་ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་། ལོ་25ལ་སླེབས་པའི་བདེ་སྐྱིད་ཀྱིས་ལོ་གསར་གྱི་ངལ་གསོའི་སྐབས་ལའང་དལ་ལྷོད་ལྷོད་ངང་བསྡད་མེད་པ་རེད།
           བདེ་སྐྱིད་ཡོད་སའི་དོག་སྡེ་ཤང་འོག་པ་གྲོང་ཚོ་ནི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་བྱང་ཤར་མཚམས་སུ་གནས་པ་དང་། གྲོང་ཁྱེར་གྱི་ལྟེ་བ་དང་བར་ཐག་སྤྱི་ལེ་7ཙམ་ཡོད་པ་རེད། ལོ་4ཡི་གོང་དུ་ཁོ་མོས་རང་ཁྱིམ་གྱི་སྒོ་ར་ཆུང་ཆུང་དེ་དམངས་སྲོལ་ཞག་སྡོད་བྱ་ཡུལ་ཞིག་ཏུ་སྒྱུར་བཀོད་བྱས་ནས་ཡུལ་སྐོར་བ་ཚོར་བོད་ཀྱི་ཡུལ་གོམས་གཤིས་ལུགས་ངོ་སྤྲོད་བྱས་པ་མ་ཟད། བཟའ་བཏུང་དང་ཞག་སྡོད་ཀྱང་མཁོ་འདོན་བྱས་ཡོད། དུས་དེ་ནས་བཟུང་ལོ་ལྟར་དགུན་ཁར་བདེ་སྐྱིད་ལ་བྲེལ་འཚུབ་ཧ་ཅང་ཆེན་པོ་ཡོད་པ་རེད།
          “བོད་ཀྱི་ལོ་གསར་ལ་ནང་ས་དང་མི་འདྲ་བའི་ཡུལ་གོམས་གཤིས་ལུགས་ཧ་ཅང་མང་པོ་ཡོད་པས་ཡུལ་སྐོར་བ་ཚོས་བོད་ཀྱི་ལོ་གསར་ལ་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད”ཅེས་བདེ་སྐྱིད་ཀྱིས་བཤད། བོད་ཀྱི་ལོ་གསར་གྱི་ཉི་ཤུ་དགུའི་དགུང་མོར་ཁོ་མོས་པེ་ཅིང་ནས་ཡིན་པའི་ཡུལ་སྐོར་བར་བོད་ཀྱི་ལོ་གསར་གྱི“དགུ་ཐུག”བསྐོལ་བ་དང་། ལོ་གསར་ཚེས་གཅིག་ཉིན་ཁོ་མོས་ཁྱིམ་དུ་ནང་སའི་ཡུལ་སྐོར་བ་བརྒྱ་ཙམ་ལ་བསུ་བ་ཞུས་ཤིང་། ཚང་མས་བོད་རིགས་ཀྱི་སྲོལ་རྒྱུན་གྱོན་ཆས་གྱོན་ནས་གླུ་ལེན་གར་འཁྲབ་ལ་རོལ་ཏེ་ཐུན་མོང་མ་ཡིན་པའི་མཉམ་འཛོམས་དུས་ཆེན་ཞིག་དགའ་གཏོང་བྱས་པ་རེད།
          དོག་སྡེ་ཤང་གི་མཐའ་འཁོར་ནི་སྔོན་ཆད་ལྷ་མོའི་འཁྲབ་གཞུང་《གཅུང་པོ་དོན་ཡོད་དོན་གྲུབ་》ཀྱི་བརྗོད་བྱའི་ཡུལ་དང་བོད་སྨན་རྒྱུ་ཆ་འཐུ་སའི་གནས་མཆོག་ཅིག་རེད། ཉེ་བའི་ལོ་ཤས་རིང་། དོག་སྡེ་ཤང་གིས་སྟབས་བདེའི་འགྲིམ་འགྲུལ་དང་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས“ལྷ་སའི་ཁྱིམ་ཚང”ཞེས་པའི་སྤུས་རྟགས་བཏོད་དེ་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། འོག་པ་གྲོང་ཚོར་བཅའ་སྡོད་ལྷ་ས་གྲོང་ཁྱེར་ཡུལ་སྐོར་ཅུས་ཀྱི་ལས་དོན་རུ་ཁག་གིས་གྲོང་ཚོར་ཚ་ཚ་རྟེན་རྫས་བཤམས་མཛོད་རིག་གནས་འགྲེམས་སྟོན་ཁང་དང་ཡུལ་སྐོར་སྤྲོ་གསེང་ལྟ་སྐོར་གླིང་སོགས་ཀྱི་རྣམ་གྲངས་སྐྲུན་རོགས་བྱས་ཏེ་གྲོང་ཚོ་ཡོངས་སུ“ལྷ་སའི་ཁྱིམ་ཚང”10ལྷག་ཙམ་ཡོད་པ་རེད།
         ཐེན་ཅིན་ནས་ཆེད་མངགས་བོད་དུ་ལོ་གསར་གཏོང་བར་ཡོང་བའི་ཡུལ་སྐོར་བ་ཧན་སུང་གིས་གནམ་གང་གི་དགུང་མོ་ནས་ཚེས་གསུམ་ཉིན་བར་ལྷ་སར་ལོ་གསར་དགའ་གཏོང་བྱས་པ་དང་། བདེ་སྐྱིད་ཀྱི་ཁྱིམ་དུ་བོད་ཀྱི་དམིགས་བསལ་གྱི་ལོ་གསར་ལ་མྱོང་རོལ་བྱས་པས་ཁོང་ལ་བརྗེད་པར་དཀའ་བའི་མྱོང་ཚོར་ཞིག་བྱུང་ཡོད་པ་རེད།
         “བོད་དུ་ཐེངས་དང་པོར་ཡོང་བའི་ཡུལ་སྐོར་བ་ཞིག་གི་ངོས་ནས་བརྗོད་ན། བོད་ཀྱི་དམངས་སྲོལ་མང་པོར་མྱོང་རོལ་བྱེད་པའི་གོ་སྐབས་དེ་ལྟ་བུ་བྱུང་བ་ནི་དཀོན་པོ་རེད”ཅེས་ཧན་སུང་གིས་བཤད།
         “འདི་ལོའི་ལོ་གསར་རིང་རང་ཉིད་ལ་ཡུལ་སྐོར་ལས་དོན་ཁང་གི་མངགས་ཐོ་འབྱོར་བ་མ་ཟད། ཡུལ་སྐོར་སྒེར་པ་མང་པོ་ཞིག་གིས་རང་ཉིད་ལ་ཁ་པར་ཡང་རྒྱག་གི་འདུག་པ་དེ་འདྲ་སྔོན་ཆད་བྱུང་མྱོང་མེད། སྤུས་རྟགས་བཏོད་ཟིན་པས་ད་ལྟ་རྒྱ་སྐྱེད་བཏང་སྟེ་སླད་ཕྱིན་ཡུལ་སྐོར་བ་སྔར་བས་མར་བར་སྣེ་ལེན་ཞུ་རྒྱུའི་བསམ་བློ་བཏང་བཞིན་ཡོད་ཅེས་བདེ་སྐྱིད་ཀྱིས་སྤོབས་སེམས་ཆེན་པོས་བཤད།
         བསྡོམས་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། 2017ལོར་བདེ་སྐྱིད་ཁྱིམ་གྱིས་ཡུལ་སྐོར་བ་800ལྷག་ཙམ་ལ་སྣེ་ལེན་ཞུས་པར་འབབ་འཕར་སྒོར་ཁྲི་ལྔ་དྲུག་ཙམ་བྱུང་ཡོད།
          “གྲོང་གསེབ་ཡུལ་སྐོར་དེ་གྲོང་མི་རྣམས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད”ཅེས་འོག་པ་གྲོང་ཚོའི་དབུལ་སྐྱོར་ཆེད་བསྐོས་ལས་བྱེད་པ་ཉི་མས་བཤད། ས་མཐོར་གྲོང་གསེབ་ཡུལ་སྐོར་རབ་ཏུ་དར་ནས་གྲོང་མིའི་འཚོ་བ་ཉིན་རེ་ལས་ཉིན་རེ་མ་འདས་པར་ལེགས་སུ་འགྲོ་བཞིན་ཡོད།
          སྟག་གདོང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་རྡོ་རྗེས་2017ལོར་སྟག་གདོང་གྲོང་ཚོས་ཡུལ་སྐོར་བ་མི་ཐེངས་ཁྲི་10ལྷག་ཙམ་ལ་སྣེ་ལེན་ཞུས་པ་མ་ཟད། གྲོང་མི་ཚོར་ལས་ཞུགས་ལས་གནས་བརྒྱ་ལྷག་ཙམ་ཐག་གཅོད་ཀྱང་བྱས་ཡོད། “ཡུལ་སྐོར་བྱ་གཞག་གཉེར་བས་གྲོང་ཚོ་ཡོངས་ཀྱི་གྲོང་མི་ཚོའི་འཚོ་བ་ཇེ་ཡག་ནས་ཇེ་ཡག་ཏུ་ཕྱིན་ཡོད” ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།