འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་ཞིང་ལས་སྐྱེ་དངོས་ཀྱི་ས་བོན་ལ་ལྟ་སྐུལ་དོ་དམ་བྱ་རྒྱུ་ཞིང་ཆེན་དང་གྲོང་ཁྱེར་དང་
    རྫོང་བཅས་རིམ་པ་གསུམ་ལ་ཁྱབ་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་25ཉིན། 14:45】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་23ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་སོ་གསུམ་པའི་ཐོག་གྲོས་ཞིབ་གནང་རྒྱུར་ཕུལ་བའི་ས་བོན་གྱི་བཅའ་ཁྲིམས་ཁྲིམས་འཛིན་ཞིབ་བཤེར་སྙན་ཞུའི་ནང་། ས་བོན་གྱི་བཅའ་ཁྲིམས་སུ་གཞི་རིམ་ས་བོན་གྱི་ཁྲིམས་འཛིན་སྒྲིག་གཞིའི་གནས་བབ་གཏན་འཁེལ་བྱས་པ་ངོ་སྤྲོད་བྱས་ཡོད། མིག་སྔར་རྒྱལ་ཡོངས་སུ་ཁྱོན་ཞིང་ལས་སྐྱེ་དངོས་ཀྱི་ས་བོན་དོ་དམ་སྒྲིག་གཞི་3000ལྷག་ཙམ་ཡོད་པ་དེ་ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་ལ་ཁྱབ་ཡོད་པ་རེད།
         རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་ཀྲང་པའོ་ཝུན་གྱིས་ཁྲིམས་འཛིན་ཞིབ་བཤེར་ཚོགས་ཆུང་གི་ཚབ་ཞུས་ནས་རྒྱུན་ལས་ཨུ་ལྷན་ལ་སྙན་ཞུ་འབུལ་སྐབས། “ས་བོན་གྱི་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་ལ་ཕན་འབྲས་རགས་ཙམ་ཐོབ་པ་དང་། ས་བོན་གྱི་སྤུས་ཚད་ཐོན་ཁུངས་སྲུང་སྐྱོབ་ཐད་ཤུགས་སྣོན་ཟམ་མི་ཆད་པ་ཐེབས་པ། འདེབས་འཛུགས་ལས་རིགས་ཀྱི་ཚན་ཞིབ་སྒྲིག་གཞི་སྒྱུར་བཅོས་རིམ་བཞིན་གཏིང་ཟབ་ཏུ་ཕྱིན་པ། ས་བོན་གྱི་ལྟ་སྐུལ་དོ་དམ་འགན་འཁྲི་སྔར་བས་ཤུགས་ཆེར་ཕྱིན་པ། འདེབས་འཛུགས་ལས་རིགས་འཕེལ་རྒྱས་ཤུགས་ཆེར་འགྲོ་རྒྱུར་རྒྱབ་སྐྱོར་ཐོབ་པ། ལེ་ལག་ཚང་བའི་ཁྲིམས་སྲོལ་དང་སྒྲིག་སྲོལ་རིམ་བཞིན་འཐུས་སྒོ་ཚང་དུ་འགྲོ་བ”བཅས་བྱུང་ཡོད་ཅེས་བརྗོད་པ་རེད།
         ཀྲང་པའོ་ཝུན་གྱིས་སྤྱིའི་ཆ་ནས་བལྟས་ཚེ་ས་བོན་གྱི་བཅའ་ཁྲིམས་ནང་གཏན་འཁེལ་བྱས་པའི་གཞི་རྩའི་ལམ་ལུགས་དང་བཅའ་ཁྲིམས་གྱི་གཏན་འབེབས་ཁག་དོན་འཁྱོལ་ལེགས་པོ་བྱུང་མོད། འོན་ཀྱང་ཁྲིམས་འཛིན་ཞིབ་བཤེར་ཁྲོད་གནད་དོན་ཁག་གཅིག་ཤེས་རྟོགས་བྱུང་བ་གཙོ་བོ་ནི་དེང་རབས་འདེབས་འཛུགས་ལས་རིགས་འཕེལ་རྒྱས་ཀྱི་རྨང་གཞི་སྔར་བཞིན་ཞན་པོ་ཡོད་པ་དང་། སོན་འདེབས་ཀྱི་ཐོག་མའི་ནུས་པ་གསར་པ་དང་ཁེ་ལས་ཀྱི་ལྟེ་བའི་འགྲན་ནུས་སྔར་བཞིན་ཆེན་པོ་མེད་པ། གཞི་རིམ་ས་བོན་གྱི་ཁྲིམས་འཛིན་དང་ཁྲོམ་རའི་ལྟ་སྐུལ་དོ་དམ་གྱི་ནུས་པ་མཐོ་རུ་གཏོང་དགོས་པ་བཅས་རེད་ཅེས་བརྗོད་པ་རེད།
         དེས་ན། སྙན་ཞུའི་ནང་། སླད་ཕྱིན་ས་བོན་གྱི་བཅའ་ཁྲིམས་སྔར་བས་ལག་བསྟར་དོན་འཁྱོལ་བྱས་ཏེ་འདེབས་འཛུགས་ལས་རིགས་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་དང་། འདེབས་འཛུགས་ལས་རིགས་ཀྱི་རང་བརྟེན་གསར་གཏོད་ནུས་པ་ཆེ་རུ་གཏོང་བ། སོན་བཟང་མཁོ་འདོན་གྱི་བདེ་འཇགས་འགན་ལེན་བཅས་བྱས་ཏེ་གཞི་རིམ་གྱི་ལྟ་སྐུལ་ནུས་པ་འཛུགས་སྐྱོང་དང་ཤེས་བྱའི་བདག་དབང་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པའི་གྲོས་འགོ་བཏོན་ཡོད། གཞན་ཡང་བཟོ་བཅོས་ཟིན་རྗེས་ཀྱི་ས་བོན་གྱི་བཅའ་ཁྲིམས་ནང་ས་བོན་གྲབས་གསོག་དང་། ས་བོན་ནང་འདྲེན། ལས་རིགས་ཀྱི་ཚད་གཞི་སོགས་བཅའ་ཁྲིམས་ཀྱི་གཏན་འབེབས་སྔར་བས་དོན་འཁྱོལ་བྱ་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་གྱིས་འབྲེལ་ཡོད་ལེ་ལག་ཚང་བའི་ཁྲིམས་སྲོལ་དང་སྒྲིག་སྲོལ་མགྱོགས་མྱུར་བཟོ་བ་དང་བཟོ་བཅོས་རྒྱག་དགོས་ངེས་ཡིན་ལ། ས་གནས་ཁག་གིས་ཀྱང་ས་གནས་ཀྱི་འདེབས་འཛུགས་ལས་རིགས་འཕེལ་རྒྱས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་ས་བོན་གྱི་བཅའ་ཁྲིམས་ལག་བསྟར་བྱ་ཐབས་སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དུས་ཐོག་ཏུ་བཟོ་བའམ་ཡང་ན་བཟོ་བཅོས་རྒྱག་དགོས་ངེས་རེད། དེང་རབས་འདེབས་འཛུགས་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་2017ལོའི་ཟླ་7པ་ནས་11པའི་བར་ས་བོན་གྱི་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་བྱས་ཚུལ་ལ་ཁྲིམས་འཛིན་ཞིབ་བཤེར་བྱས་པ་དང་། ཞིབ་བཤེར་གྱི་གཙོ་གནད་ནི་ས་བོན་གྱི་སྤུས་ཚད་ཐོན་ཁུངས་སྲུང་སྐྱོབ་དང་། སོན་འདེབས་ཚན་རྩལ་གསར་གཏོད། ས་བོན་ཐོན་སྐྱེད་དང་གཉེར་སྐྱོང་། སྤུས་ཚད་ལྟ་སྐུལ་དོ་དམ། འདེབས་འཛུགས་ལས་རིགས་ཀྱི་ཤེས་བྱའི་ཐོན་དབང་སྲུང་སྐྱོང་སོགས་ཀྱི་གནས་ཚུལ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།