འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་ལྗང་མདོག་ཡིད་རྟོན་དངུལ་བུན་གྱི་གཞི་ཁྱོན་བརྟན་པོའི་ངང་ཆེ་རུ་ཕྱིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་25ཉིན། 14:44】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་སྔོན། ཀྲུང་གོ་དངུལ་ཁང་ལྟ་སྐུལ་ཨུ་ལྷན་གྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་གསལ། རང་རྒྱལ་གྱི་ལྗང་མདོག་ཡིད་རྟོན་དངུལ་བུན་གྱི་གཞི་ཁྱོན་བརྟན་པོའི་ངང་ཆེ་རུ་ཕྱིན་ནས་རྒྱལ་ནང་གི་དངུལ་ཁང་གཙོ་བོ་21གི་ལྗང་མདོག་ཡིད་རྟོན་དངུལ་བུན་གྱི་གཞི་ཁྱོན་2013ལོའི་ལོ་མཇུག་གི་སྒོར་དུང་ཕྱུར་ཁྲི་5.2ནས་2017ལོའི་ཟླ་6པའི་ཟླ་མཇུག་གི་སྒོར་དུང་ཕྱུར་ཁྲི་8.22བར་མང་དུ་ཕྱིན་ནས་ཆ་སྙོམས་ལོ་ལྟར་སྒོར་དུང་ཕྱུར་8000ཙམ་མང་དུ་ཕྱིན་ཡོད་པ་རེད།
          ཡིད་རྟོན་དངུལ་བུན་གྱི་སྤུས་ཚད་ཐད་ཉེན་གནས་དངུལ་བུན་གྱི་ཆུ་ཚད་ཅུང་དམའ་པོ་ཡོད་ཅིང་། 2017ལོའི་ཟླ་6པའི་ཟླ་མཇུག་ཏུ། རྒྱལ་ནང་གི་དངུལ་ཁང་གཙོ་བོའི་ནུས་རྒྱུ་བསྲི་ཚགས་དང་ཁོར་ཡུག་སྲུང་སྐྱོང་གི་རྣམ་གྲངས་དང་ཞབས་ཞུའི་ཉེན་གནས་དངུལ་བུན་གྱི་ལྷག་གྲངས་སྒོར་དུང་ཕྱུར་241.7དང་ཉེན་གནས་དངུལ་བུན་གཏོང་ཚད་0.37%ཟིན་ཡོད་པ་རེད།
         ལྗང་མདོག་ཡིད་རྟོན་དངུལ་བུན་གྱི་ཁོར་ཡུག་ཕན་འབྲས་ཅུང་མངོན་གསལ་དོད་ཅིང་། ལྗང་མདོག་ཡིད་རྟོན་དངུལ་བུན་གྱི་བསྡོམས་རྩིས་ལམ་ལུགས་སུ་གཏན་འཁེལ་བའི་ཁོར་ཡུག་ཕན་འབྲས་ཀྱི་ཚོད་རྩིས་གཞི་ཁྱོན་གཞིར་བཟུང་། 2017ལོའི་ཟླ་6པའི་ཟླ་མཇུག་བར། ནུས་རྒྱུ་བསྲི་ཚགས་དང་ཁོར་ཡུག་སྲུང་སྐྱོང་གི་རྣམ་གྲངས་དང་ཞབས་ཞུའི་ཡིད་རྟོན་དངུལ་བུན་གྱིས་སྔོན་རྩིས་ལྟར་ན་ལོ་ལྟར་ཚད་ལྡན་རྡོ་སོལ་ཏུན་དུང་ཕྱུར་2.15གྲོན་ཆུང་ཐུབ་པ་དང་དབྱང་གཉིས་ཐན་འགྱུར་ཏུན་དུང་ཕྱུར་4.91བཙོག་འབུད་ཉུང་གཏོང་ཐུབ་ཀྱི་ཡོད་པ་རེད།
         དངུལ་ཁང་ལྟ་སྐུལ་ཨུ་ལྷན་གྱི་ལས་དོན་མི་སྣས་ལོ་ཕྱེད་ནང་དངུལ་ཁང་ལྟ་སྐུལ་ཨུ་ལྷན་གྱི་དྲ་ཚུགས་སུ་རྒྱལ་ནང་གི་དངུལ་ཁང་གཙོ་བོ་21གི་ལྗང་མདོག་ཡིད་རྟོན་དངུལ་བུན་སྤྱི་ཡོངས་ཀྱི་གནས་ཚུལ་ཁྱབ་བསྒྲགས་བྱས་ཏེ་རྒྱུན་རྣམ་ཅན་གྱི་ལྗང་མདོག་ཡིད་རྟོན་དངུལ་བུན་གྱི་བསྡོམས་རྩིས་ཆ་འཕྲིན་ཐེར་འདོན་ལམ་སྲོལ་ཆགས་པ་བྱ་རྒྱུ་རེད། འབྱུང་འགྱུར་ཆ་འཕྲིན་ཐེར་འདོན་གྱི་ནང་དོན་གཙོ་བོ་ལྗང་མདོག་ཡིད་རྟོན་དངུལ་བུན་གྱི་ལྷག་གྲངས་དང་། ནུས་རྒྱུ་བསྲི་ཚགས་དང་ཁོར་ཡུག་སྲུང་སྐྱོང་། ཞབས་ཞུའི་ཡིད་རྟོན་དངུལ་བུན་གྱི་ཁོར་ཡུག་ཕན་འབྲས་ཀྱི་དམིགས་ཚད། ཚད་ལྡན་རྡོ་སོལ། དབྱང་གཉིས་ཐན་འགྱུར། རྫས་འགྱུར་གསོ་རླུང་མཁོ་ཚད། ཨན་ཏན། དབྱང་གཉིས་མུ་ཟི་འགྱུར་རྫས། ཏན་དབྱང་འགྱུར་རྫས། ཆུ་གྲོན་བཅས་རིགས་བདུན་གྱི་དམིགས་ཚད་ཚུད་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།