འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་རྒན་གསོའི་སྒྲིག་གཞི་ལོ་ལྔའི་རིང་འཕར་ཚད་ལྡབ་2ལས་བརྒལ་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་25ཉིན། 14:44】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། འདས་པའི་ལོ་ལྔའི་རིང་། རང་རྒྱལ་གྱི་རྒན་གསོའི་སྒྲིག་གཞི་འཛུགས་ཚད་མྱུར་དུ་འཕར་བའི་རྣམ་པ་ཐོན་ཡོད། དམངས་སྲིད་པུའི་བསྡོམས་རྩིས་གྲངས་གཞི་ལས་མངོན་པ་ལྟར་ན། 2017ལོའི་ཟླ་9པ་བར། རང་རྒྱལ་གྱི་རྒན་གསོའི་སྒྲིག་གཞིའི་གྲངས་ཚད་བསྡོམས་འབོར་ཁྲི་14.46ལས་བརྒལ་བ་དེ་2012ལོའི་ལོ་མཇུག་གི་ཁྲི་4.43དང་བསྡུར་ན་226%འཕར་ཡོད་པ་རེད།
         དེ་དང་ཕྱོགས་མཚུངས་རང་རྒྱལ་གྱི་ལོ་60དང་དེ་ཡན་གྱི་རྒན་རྒོན་མི་འབོར་2012ལོའི་ལོ་མཇུག་ཏུ་དུང་ཕྱུར་1.94ཟིན་པ་དེས་མི་འབོར་བསྡོམས་འབོར་གྱི་14.3%བཟུང་ཡོད་པ་དང་། 2016ལོའི་ལོ་མཇུག་ཏུ་སླེབས་སྐབས། དུང་ཕྱུར་2.3ཟིན་ནས་མི་འབོར་བསྡོམས་འབོར་གྱི་16.7%བཟུང་ཡོད། སྤྱི་ཡོངས་ནས་བལྟས་ན་རྒན་རྒོན་གྱི་མི་འབོར་གྲངས་ཚད་དང་བསྡུར་ཚད་དེ་ལོ་རེ་བཞིན་འཕར་བའི་རྣམ་པ་ཐོན་བཞིན་ཡོད་པ་རེད།
         ཉིན་བཞིན་རྒན་རྒོན་ཅན་དུ་འགྱུར་ཚད་ཆེ་རུ་འགྲོ་བའི་རྣམ་པར་ཁ་གཏད་གཅོག་ཆེད། རང་རྒྱལ་གྱིས་ཉེ་བའི་ལོ་ཤས་རིང་རྒན་གསོའི་སྒྲིག་གཞི་འཛུགས་སྐྲུན་བྱེད་ཤུགས་དང་སྤུས་ཚད་མཐོར་གཏོང་དང་རིམ་སྤོར་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བས་རྒན་གསོའི་ཞབས་ཞུའི་ཆུ་ཚད་རྒྱུན་མཐུད་ངང་གོང་མཐོར་འགྲོ་བཞིན་ཡོད་པ་རེད།
         རྒན་གསོའི་སྒྲིག་གཞི་འཛུགས་སྐྲུན་དང་ཞབས་ཞུའི་ཚད་གཞིར་དམིགས་ཏེ་དམངས་སྲིད་པུས་《རྒན་གསོའི་སྒྲིག་གཞི་འཛུགས་པའི་ཆོག་འཐུས་བྱ་ཐབས་》དང་《རྒན་གསོའི་སྒྲིག་གཞིའི་དོ་དམ་བྱ་ཐབས་》སོགས་སྒྲིག་སྲོལ་བཟོས་པ་དང་དུས་མཚུངས། 《རྒན་གསོའི་སྒྲིག་གཞིའི་གཞི་རྩའི་ཚད་གཞི་》དང་། 《རྒན་གསོའི་སྒྲིག་གཞིའི་བདེ་འཇགས་དོ་དམ》 《རྒན་གསོའི་སྒྲིག་གཞིའི་ཞབས་ཞུའི་སྤུས་ཚད་ཀྱི་གཞི་རྩའི་ཚད་གཞི་》སོགས་རྒྱལ་ཁབ་ཀྱི་ཚད་གཞི་ཡོངས་བསྒྲགས་བྱས་ཤིང་། མིག་སྔར་རྒན་གསོའི་ཞབས་ཞུའི་ཁྱབ་ཁོངས་སུ་ཚད་གཞི་ཁག་12ལག་ལེན་བསྟར་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་ཚད་གཞི་ཁག་19བཟོ་བཞིན་ཡོད་པ་རེད།
         ལྷག་པར་དུ་རྒན་གསོ་ཁང་གི་ཞབས་ཞུ་དང་སྤུས་ཚད་གང་མགྱོགས་ལེགས་བཅོས་མངོན་གསལ་དོད་པོ་ཡོང་ཆེད། དམངས་སྲིད་པུའུ་སོགས་སྡེ་ཚན་དྲུག་གིས་2017ལོའི་ཟླ་3པར་རྒྱལ་ཡོངས་སུ་རྒན་གསོ་ཁང་གི་ཞབས་འདེགས་དང་སྤུས་ཚད་ལེགས་གཏོང་གི་ཆེད་དམིགས་བྱ་སྤྱོད་མཉམ་དུ་སྤེལ་རྒྱུའི་གྲོས་འགོ་བཏོན་ཏེ་གཙོ་གནད་ལས་འགན་ཁག་9བཏོན་པ་དང་འབྲེལ། 2017ལོའི་ལོ་མཇུག་དང་2020ལོའི་ལོ་མཇུག་གི་དུས་མཚམས་དབྱེ་བའི་དམིགས་ཚད་ཀྱང་ཁ་གསལ་བཏོན་ཡོད་པ་རེད། 2017ལོར་བྱ་སྤྱོད་དེ་སྤེལ་ནས་རྒྱལ་ཡོངས་ཀྱི་རྒན་གསོ་ཁང་ཁྲི་4ཙམ་ལ་གྲལ་བཤེར་བཅོས་སྒྲིག་བྱས་པ་དང་། མངོན་མེད་རྐྱེན་ངན་ཁྲི་19.7ཙམ་ཐག་གཅོད་བྱས་པ། རྒན་གསོ་ཁང་2122མེད་པ་བཟོས་པ་དང་། སྒོ་བརྒྱབ་པ། ཕྱིར་འཐེན་དང་ཟླ་སྒྲིལ་བ་བཅས་བྱས་ཡོད་པ་རེད།
         རྒན་གསོའི་ཞབས་ཞུའི་ལས་རིགས་ཀྱི་གློད་སྡོམ་ཞབས་གསུམ་ལ་སྐུལ་འདེད་གང་མགྱོགས་གཏོང་ཆེད། དམངས་སྲིད་སྡེ་ཚན་གྱིས་རྒན་གསོའི་སྒྲིག་གཞི་ཁག་གཅིག་གིས་ཕུལ་བའི་ལས་མཇུག་སྒྲིལ་ནས་ཞིབ་བཤེར་རྩིས་ལེན་གྱི་ཚད་ལོན་ལག་ཁྱེར་སོགས་ར་སྤྲོད་ཡི་གེའི་བླང་བྱ་ཁག་བཞི་མེད་པ་བཟོས་པ་དང་ཆབས་ཅིག་རྒན་གསོ་བའི་རྒྱལ་ཁབ་ཀྱི་ལས་རིགས་ཐོབ་ཐང་ཞིབ་འཇུག་བྱས་ནས་མེད་པ་བཟོ་རྒྱུར་གཞོགས་འདེགས་ཀྱང་བྱས་ཤིང་། ཤེས་རྟོགས་བྱུང་བར་གཞིགས་ན། རྒན་གསོའི་སྒྲིག་གཞི་འཛུགས་པའི་ཆོག་འཐུས་མེད་པ་བཟོ་རྒྱུའི་སྐོར་གྱི་བསམ་འཆར་ལ་ཞིབ་འཇུག་དང་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།
         སྨན་བཅོས་དང་རྒན་གསོ་ཟུང་འབྲེལ་བྱ་རྒྱུ་ནི་རྒན་གསོ་ཁང་གི་ཞབས་ཞུ་དང་སྤུས་ཚད་ལེགས་སུ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་རེད། ལོ་མང་རིང་སྐུལ་སྤེལ་ཤུགས་ཆེན་བཏང་བ་བརྒྱུད། 2017ལོའི་ཟླ་7པའི་ཟླ་མཇུག་བར། རྒྱལ་ཡོངས་ཀྱི་78.6%ཟིན་པའི་རྒན་གསོ་ཁང་དུ་རྣམ་པ་མི་འདྲ་བའི་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱས་ཏེ་སྔ་ནུར་དུ་50%ཟིན་པའི་སྔོན་གཏན་འཁེལ་བའི་དམིགས་ཚད་ལེགས་གྲུབ་ཟིན་པ་དང་། རྒན་གསོ་ཁང་གི་བདག་སྐྱོང་ཉལ་ཁྲིའི་བསྡུར་ཚད་དེ་2015ལོར་30%ལས་དམའ་བ་དེ་46.4%བར་གོང་མཐོར་སོང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།