འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།བདེན་པའི་མེ་ལྕེ་འདི་ནས་མཆེད། 

    ——《གུང་ཁྲན་ཏང་གི་བསྒྲགས་གཏམ》ཐོན་ཡུལ་འཚོལ་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་25ཉིན། 14:42】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         1848ལོའི་ཟླ་2པར་གུང་ཁྲན་རིང་ལུགས་ལས་འགུལ་གྱི་སྔོན་སྐྱོད་པ་མར་ཁེ་སི་དང་ཨེན་ཁེ་སིས་ཐུན་མོང་ཐོག་བརྩམས་པའི་《གུང་ཁྲན་རིང་ལུགས་ཀྱི་བསྒྲགས་གཏམ་》བཀྲམ་པ་རེད། བསྒྲགས་གཏམ་སྤེལ་ནས་ལོ་ངོ་170འཁོར་བའི་མཚམས་སུ་མར་ཁེ་སི་དང་ཨེན་ཁེ་སིར་བླ་ན་མེད་པའི་དད་གུས་དང་དྲན་སེམས་ཚད་མེད་བཅངས་ཏེ་གསར་འགོད་པས་བསྒྲགས་གཏམ་ཐོན་ཡུལ་པུ་རུ་སེར་དུ་རྗེས་ཤུལ་འཚོལ་བར་ཕྱིན་པ་ཡིན།
         པུ་རུ་སེར་གྲོང་ཁྱེར་གྱི་ལྟེ་བའི་ཐང་ཆེན་དུ་གྱང་ངོས་ལ་གསེར་ཆུ་བྱུགས་པའི་པ་རོ་ཁེ་ལུགས་ཀྱི་ཐོག་ཁང་ཞིག་ཡོད་པ་དེའི་གཞུང་སྒོའི་ཐོད་དུ་གཤོག་ཟུང་བརྐྱངས་ནས་འཕུར་ལ་ཁད་ཀྱི་ངང་དཀར་གྱི་འཇིམ་བརྙན་ཞིག་ཡོད་པ་ནི་ལོ་ཟླའི་དཔང་པོ་ཞིག་དང་གཉིས་སུ་མེད། ད་ཆ་དེ་གར་མི་རྣམས་ཀྱིས་སྐབས་དེ་དུས་མར་ཁེ་སིས་པུ་རུ་སེར་དུ་འཚོ་བ་བསྐྱལ་གནང་བའི་ཤུལ་ལམ་འཚོལ་སའི་གནས་གལ་ཆེན་ཞིག་ཏུ་གྱུར་ཡོད།
         1845ལོའི་ཟླ་2པ་ནས་1848ལོའི་ཟླ་3པའི་བར། ཡུལ་གྱར་བ་ཞིག་ཡིན་པའི་མར་ཁེ་སི་པེར་ཀྲེམ་དུ་ཕེབས་སྐབས་འཚོ་བ་ཧ་ཅང་དཀའ་སྡུག་ཆེན་པོ་ཡོད། དེའི་རིང་། མར་ཁེ་སིའི་བཞུགས་གནས་ཐེངས་བརྒྱད་དགུ་ཙམ་སྤོ་མྱོང་བ་དང་བཞུགས་ཡུན་ཅུང་རིང་བའི་གནས་གཉིས་ལས་མེད། དེའི་ནང་གི་གཅིག་ནི་པུ་རུ་སེར་གྱི་མནའ་མཐུན་ཁྲོམ་གཞུང་གི་སྒོ་རྟགས་ཨང་5པར་ཡིན་པ་དང་། གཅིག་ཤོས་ནི“ནཱ་སྨིའུ་ཨར་གྲོང་འདབས་གྱི་ཨོར་ལེང་ལམ་གྱི་སྒོ་རྟགས་ཨང་42པར”ཡིན་པ་དེ་ནི་ད་ཆའི་པུ་རུ་སེར་དབྱི་ཁེ་སེར་ཁུལ་གྱི་རང·ཏ་ཏེང་ཁྲོམ་གཞུང་གི་སྒོ་རྟགས་ཨང་50པར་ཡིན་པ་དང་། ད་ཆ་དེ་གར་ཐོག་སོ་ལྔ་ལྡན་གྱི་གྲོང་མིའི་ཐོག་ཁང་ཡིན་ཞིང་། ཐོག་ཁང་གི་གྱང་ངོས་སུ་བྱང་བུ་ཆུང་ངུ་ཞིག་བཀལ་བའི་ཐོག“1846ལོ-1848ལོ་བར་མར་ཁེ་སི་གནས་འདིར་བཞུགས”ཞེས་བྲིས་འདུག
         གསར་འགོད་པ་དང་མཉམ་དུ་རྗེས་ཤུལ་འཚོལ་་བར་ཡོད་པའི་པེར་ཀྲེམ་ངལ་རྩོལ་ཏང་གི་རིགས་གཅིག་མཁས་ཅན་ཨང་ཏེ་ལི་ཁེ·ཝུའེ་མེ་ཞུས་ཀྱིས་འདི་ནི་བསྒྲགས་གཏམ་ལེགས་གྲུབ་འབྱུང་ཡུལ་རེད་ཅེས་བཤད་བྱུང་།
         ཨང་ཏེ་ལི་ཁེ·ཝུའེ་མེ་ཞུས་ཀྱིས་མར་ཁེ་སི་པུ་རུ་སེར་དུ་ཡུལ་གྱར་ལ་ཕེབས་རིང་བཟོ་ལས་གསར་བརྗེ་ཐོན་རྗེས་ཡིན་པས་ཡོ་རོབ་གྲོང་གསེབ་ཀྱི་ཞིང་ཆུང་དཔལ་འབྱོར་རྦད་དེ་གཏོར་བརླག་ཏུ་ཕྱིན་ནས་ཞིང་ཁ་ཤོར་བའི་ཞིང་པ་ཕོན་ཆེན་གྲོང་ཁྱེར་དུ་སླེབས་ཡོད། རྫིག་ཉམས་དོད་པའི་ཟོག་ཉོ་ལྟེ་གནས་ཧྲེང་ཡུས་པེར་གོང་མ་ཚང་གི་བར་ཁྱམས་ནས་སྨི་བརྒྱ་ཡི་ནང་ཁུལ་དུ་དབུལ་པོ་འབོར་ཆེན་བཀྲེས་ལྟོགས་ཀྱིས་མནར་ཏེ་འཆི་བ་དེས་མར་ཁེ་སི་དང་ཨེན་ཁེ་སི་རྣམ་གཉིས་ཀྱི་མེ་ལྕེ་ལྟ་བུའི་ཁོང་ཁྲོ་དང་བསམ་གཞིག་ཟབ་མོ་བསླངས་ཡོད་ཅེས་ངོ་སྤྲོད་བྱས།
         1847ལོའི་ཟླ་1པོའི་ཉིན་ཞིག་ཞྭ་མོ་ཁ་ལེབ་གྱོན་ཞིང་བཟོ་པའི་ལས་གོས་སྤྲས་པའི་དར་མ་ཞིག་མར་ཁེ་སིའི་བཞུགས་གནས་སུ་སླེབས། ཁོང་ནི་དྲང་བདེན་པའི་མནའ་མཐུན་གྱི་འགོ་ཁྲིད་མི་སྣའི་གྲས་གཡོད་སེ་ཧྥུའུ·མོར་ཡིན་ཞིང་། མོར་གྱིས་ཆེད་མངགས་མར་ཁེ་སི་མནའ་མཐུན་ལ་ཞུགས་རྒྱུའི་གདན་འདྲེན་ཞུ་བར་བཅར་བ་དང་། མར་ཁེ་སི་དང་ཨེན་ཁེ་སིས་གུང་ཁྲན་རིང་ལུགས་ཀྱི་ཚན་རིག་དང་མཐུན་པའི་བཞེད་ཚུལ་གྱིས་མནའ་མཐུན་གྱི་བསམ་བློ་གཅིག་གྱུར་གནང་རྒྱུའི་རེ་བ་བྱས།
         1847ལོའི་ཟླ་6པར། དྲང་བདེན་པའི་མནའ་མཐུན་ཚོགས་ཆེན་ལོན་ཏོན་དུ་འཚོགས་ཤིང་། མནའ་མཐུན་གྱི་མིང་གུང་ཁྲན་རིང་ལུགས་པའི་མནའ་མཐུན་ཞེས་སུ་བསྒྱུར་རྒྱུའི་ཐག་བཅད། ཕྱིས་སུ་མར་ཁེ་སིས་རྟག་ཏུ་བཟོ་པ་དང་ཐུག་འཕྲད་གནང་ནས་བཟོ་པའི་ལས་འགུལ་གྱི་ཐབས་ཇུས་དང་མདུན་ལམ་ལ་གྲོས་བསྡུར་གནང་གི་ཡོད།
         1847ལོའི་ཟླ་11པའི་ཟླ་མཇུག་ཏུ། གུང་ཁྲན་རིང་ལུགས་པའི་མནའ་མཐུན་གྱི་ཚོགས་འདུ་ཐེངས་གཉིས་པ་ལོན་ཏོན་དུ་འཚོགས་ཤིང་། ཚོགས་ཆེན་གྲོལ་རྗེས་མར་ཁེ་སི་དང་། ཨེན་ཁེ་སིས་ལས་འགན་གལ་ཆེན་ཞིག་དང་ལེན་གནང་བ་སྟེ། མནའ་མཐུན་ལ་དངོས་གཞིའི་རྩ་འཛིན་ཞིག་འཆར་ཟིན་བཀོད་དེ་བསྒྲགས་གཏམ་གྱི་རྣམ་པའི་ཐོག་ནས་གུང་ཁྲན་རིང་ལུགས་ཀྱི་རྩ་བའི་རིགས་པ་ཡོངས་བསྒྲགས་ངང་རྒྱས་བཤད་བྱ་རྒྱུ་དེ་རེད། ཁོང་གཉིས་པོར་གང་མགྱོགས་ཐུན་མོང་གི་ངོས་འཛིན་བྱུང་བ་སྟེ། སེམས་རྩ་འཁོལ་བའི་བརྗོད་ཚིག་ལ་བརྟེན་ནས་རང་ཉིད་ཀྱི་གཞུང་ལུགས་ཡོངས་ཁྱབ་ངང་རྒྱས་བཤད་ཐེངས་དང་པོ་བྱ་རྒྱུ་དེ་རེད།
         1848ལོའི་ཟླ་2པའི་ཟླ་སྨད་དུ། འཇར་མན་གྱི་ཡི་གེ་ལས་བྲིས་པའི་《གུང་ཁྲན་ཏང་གི་བསྒྲགས་གཏམ་》ལོན་ཏོན་གྱི་པར་སྐྲུན་ཁང་ཞིག་ཏུ་པར་སྐྲུན་བྱས་པ་རེད། བསྒྲགས་གཏམ་ནང་སྤྱི་ཚོགས་ཀྱི་ལོ་རྒྱུས་འཕེལ་རྒྱས་ཁྲོད་ཀྱི་གྲལ་རིམ་འཐབ་རྩོད་ཀྱི་ནུས་པར་དབྱེ་ཞིབ་བྱས་པ་དང་། མ་རྩ་རིང་ལུགས་སྤྱི་ཚོགས་རིང་ལུགས་ཀྱིས་ཚབ་བྱེད་ངེས་ཡིན་པའི་ཕྱི་རོལ་ཡུལ་གྱི་ཆོས་ཉིད་གསལ་སྟོན་བྱས་པ་མ་ཟད། འཛམ་གླིང་ཡོངས་ཀྱི་འབྱོར་མེད་པ་མཉམ་འབྲེལ་བྱས་ནས་བཅིངས་འགྲོལ་གྱི་ཆེད་དུ་འཐབ་རྩོད་བྱེད་དགོས་པའི་འབོད་སྐུལ་ཡང་བྱས་ཡོད།
         ལོ་ཟླ་རིམ་གྱིས་འདས་ཏེ་ལོ་ངོ་170ཡི་ཉམས་སད་བརྒྱུད་ཅིང་། མིའི་རིགས་ཀྱི་སྤྱི་ཚོགས་ལ་བསམ་པའི་རླབས་རྒྱུན་སྣ་ཚོགས་ཐོན་ནའང་《གུང་ཁྲན་ཏང་གི་བསྒྲགས་གཏམ་》ལ་སྔར་བཞིན་གཟི་མདངས་འཕྲོ་བཞིན་མཆིས།
      

    ཕྱོགས་བསྡུས་གསར་འགྱུར།