འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།དེ་སྔའི་གྲམ་ཐང་ཐང་རྒོད་དེ་ད་ཆ་རྩྭ་ཆུ་འཛོམས་པའི་གནས་སུ་གྱུར། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་12ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་2ཉིན་ནི་འཛམ་གླིང་གི་འདམ་རའི་ཉིན་མོ་ཐེངས་22པ་ཡིན། དེ་དུས་སྐབས་མཚོ་བོད་ས་མཐོ་གངས་འཁྱགས་ཀྱིས་བསྡམས་ཡོད། འོན་ཀྱང་ཁྲར་ཧན་ཚྭ་མཚོའི་འདམ་ར་ནི་སྔར་བཞིན་རྩྭ་ཆུ་འཛོམས་པ་མ་ཟད། དྭངས་ཤིང་གཙང་བའི་ཆུ་མོར་ཉ་མོའི་ཚོགས་འཁྱུག་འགྲོས་བྱེད་བཞིན་ཡོད་པ་དང་། དེ་བས་ཀྱང་ངང་པ་ཁྱུ་དང་ཁྱུ་དེར་བབས་ནས་རྩེད་འཇོར་རོལ་བཞིན་ཡོད། དེ་སྔའི་རྩྭ་རྐང་གཅིག་ཀྱང་མི་སྐྱེ་བའི་གྲམ་ཐང་ཐང་རྒོད་དེ་ད་ཆ་མཛེས་སྡུག་ཡིད་དབང་འཕྲོག་པའི“ངང་པའི་མཚོར”གྱུར་ཡོད།
         གསར་འགོད་པ་རླངས་འཁོར་དུ་བསྡད་ནས་ཚྭ་མཚོའི་ལྟེ་བའི་གྲུ་ཁ་ནས་ཐོན་ཏེ་ནུབ་ཕྱོགས་ཀྱི་ཚྭ་མཚོའི་ཆུ་ལོག་འགོག་པའི་ཆུ་རགས་བརྒྱུད་ཧ་ལམ་སྤྱི་ལེ་30ཙམ་སྐྱོད་སྐབས་ཆུ་ངོགས་སུ་ངང་པ་མང་པོ་ཐོན་ནས་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཤིག་མིག་ལམ་དུ་མངོན་བྱུང་།
         སྐྱོད་མཚམས་བཞག་ནས་མུ་མཐུད་ལྗོངས་རྒྱུར་རོལ་སྐབས་མཚོ་སྔོན་ཚྭ་མཚོ་བཟོ་ལས་མ་རྐང་ཚད་ཡོད་ཀུང་སིའི་ཚྭ་ཞིང་དོ་དམ་མཁན་ཀྲུའུ་ལེ་སོགས་རླངས་འཁོར་དུ་བསྡད་ནས་ང་ཚོའི་ཕྱོགས་སུ་ཡོང་བ་མཐོང་། ཁོང་ཚོ་འདམ་རའི་ཉེ་འཁོར་དུ་སྐོར་ཞིབ་བྱས་ནས་མི་གཞན་གྱིས་ཉ་དང་བྱ་རིགས་མ་བཟུང་སྔོན་འགོག་བྱེད་བཞིན་མཆིས།
         ཀྲུའུ་ལེས་ང་རང་ཚྭ་མཚོར་ལས་ཀ་བྱས་ནས་ལོ་30ལྷག་ཙམ་ཕྱིན་སོང་། ངའི་སྣང་ངོར་ལོ་10ཡི་གོང་འདམ་ར་དེ་གྲམ་ཐང་ཐང་རྒོད་ཅིག་རེད། ད་དུང“ནམ་མཁར་བྱ་བྱིའུ་འཕུར་ལྡིང་བྱེད་མཁན་མེད་པ་དང་། ས་ལ་ རྩྭ་མི་སྐྱེ། རླུང་བུ་ལྡང་ཤུགས་ཆེ་བ”བཅས་ནི་ས་ཆ་འདི་གས་མི་རྣམས་ལ་བཞག་པའི་བག་ཆགས་རེད་ཅེས་གསར་འགོད་པར་བརྗོད།
         ཀྲུའུ་ལེས་ད་ཆ་འདམ་ར་དེ་དབྱར་དུས་ཧ་ཅང་མཛེས་ལ་རྩྭ་སྔོ་ཞིང་རིང་པོ་སྐྱེ་གི་ཡོད། སྔོ་ཞིང་དྭངས་པའི་ནམ་མཁའ་དང་སྤྲིན་དཀར་ཚོམ་བུའི་མཛེས་རྒྱན་འོག་ངང་པ་དང་། ཁྲུང་སྐྱ། ཆུ་སྐྱར་མཆུ་དམར་སོགས་རྩ་ཆེའི་འདབ་ཆགས་ཁྱུ་དང་ཁྱུ་ནམ་མཁར་འཕུར་ལྡིང་བྱེད་བཞིན་འདུག ཉེ་བའི་ལོ་གཉིས་རིང་སྐོར་ཞིབ་བྱེད་པའི་བརྒྱུད་རིམ་ནང་ཁོང་ཚོས་ད་དུང་ས་ཆ་དེའི་ཉེ་འཁོར་དུ་ཝ་མོ་དང་། དགོ་བ། སྤྱང་ཀི་སོགས་གཅན་གཟན་རི་དྭགས་འགྲུལ་བཞུད་བྱེད་པ་མཐོང་བྱུང་ཞེས་བརྗོད།
         “ནོར་གཞོང”ཞེས་སུ་གྲགས་པའི་ཚྭ་འདམ་གཤོངས་སར་ཚྭ་མཚོ་30ལྷག་ཙམ་ཡོད་པ་དང་། ཚྭ་མཚོའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། དེའི་ནང་རྒྱ་ཁྱོན་བསྡོམས་འབོར་སྤྱི་ལེ་ངོས་གྲུ་5856ཟིན་པའི་ཁྲར་ཧན་ཚྭ་མཚོ་ནི་རང་རྒྱལ་གྱི་བཞུ་རུང་རང་བཞིན་གྱི་ཅ་མཱེ་ཚྭ་ཡི་གཏེར་མཛོད་ཆེ་ཤོས་དེ་ཡིན་པ་དང་། དེའི་ནཱ་དང་། མཱེ། ཅཱ། ལིས་བཅས་གསོག་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཀྱི་ཡོད།
         མཚོ་སྔོན་ཚྭ་མཚོ་བཟོ་ལས་མ་རྐང་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཤེ་ཁང་མིང་གིས་ཚྭ་མེད་ཆུའི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱ་ཆེད། 2000ལོ་ཚུན་དུ་ཁེ་ལས་ཀྱིས་རིང་ཚད་སྤྱེ་ལེ་60ལྷག་གི་ཆུ་ལོག་འགོག་པའི་ཆུ་རགས་བསྐྲུན་ཡོད། དེ་སྔོན་གང་སར་རྒྱུགས་པའི་ཆུ་བོ་རིམ་བཞིན་གསོག་ཉར་བྱས་པས་ད་ཆའི་སྤྱི་ལེ་ངོས་གྲུ་200ཟིན་པའི་ཆུ་མཛོད་འདམ་ར་དེ་ཆགས་པ་རེད། ཆུ་དང་། རྩྭ། བྱ་བྱིའུ་བཅས་ཡོད་པས་དུས་ངེས་གཏན་གྱི་དགོས་མཁོ་ལྟར་ཅཱ་ལུས་ཐོན་སྐྱེད་ལ་ཆུ་མཁོ་འདོན་ཐུབ་པ་མ་ཟད། ད་དུང་འདམ་ར་ཆེན་པོ་ཞིག་ཆགས་ནས་ཉེ་འཁོར་གྱི་སྣོད་བཅུད་ལེགས་བཅོས་ཆེན་པོ་བྱུང་ཡོད་ལ། སྤྱི་ལེ་བརྒྱ་ཡི་ཆུ་བོའི་མཛེས་ལྗོངས་ཤིག་ཀྱང་ཆགས་ཡོད་ཅེས་བརྗོད།
         སྣོད་བཅུད་ལ་འགྱུར་ལྡོག་བྱུང་བ་དེ་ཡང་ཉེ་བའི་ལོ་ཤས་རིང་གི་ཚྭ་མཚོ་ཐོན་ཁུངས་ལྗང་མདོག་གསར་སྤེལ་བྱས་པ་དང་ཁ་བྲལ་ཐབས་མེད། ཚྭ་མཚོ་ལ་ཡང“སྐྱེ་མེད་ཚྭའི་ནོར་མཛོད”ཞེས་བརྗོད་ཀྱི་ཡོད། ཅཱ་བླངས་རྗེས་ཚྭ་ཆུའི་ནང་ཐོན་ཁུངས་ཕུན་སུམ་ཚོགས་སུ་ཕྱིན་ཡོད། སྲིད་གཞུང་དང་ཁེ་ལས་ཀྱིས་གནས་ཚུལ་དེར་གཞིགས་ནས་སྔ་རྗེས་སུ་ཚྭ་ཆུའི་ཐོན་ཁུངས་ཀྱི་ཕྱོགས་བསྡུས་སྤྱོད་ཐེངས་དང་པོ་དང་གཉིས་པ་དང་། ལྕགས་རིགས་མཱེ་གཞི་གཅིག་ཅན་གྱི་རྣམ་གྲངས་སོགས་ཀྱི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་སྐྲུན་འགོ་ཚུགས་པ་དང་། ཚྭ་མཚོའི་ཐོན་ཁུངས་ཀྱི“ཐོན་ཁུངས་དང་། ཐོན་རྫས། བསྐྱར་སྐྱེས་ཐོན་ཁུངས”བཅས་འཁོར་སྐྱོད་བེད་སྤྱོད་བྱ་ཐབས་ཆགས་རྒྱུར་སྐུལ་འདེད་བཏང་ཡོད།
         འདམ་རར“ས་གོ་ལའི་མཁལ་མ”ཞེས་བརྗོད་སྲོལ་ཡོད་ཅིང་། ཆུ་ཁུངས་སྲུང་འཛིན་དང་། ཆུ་ལོག་སྔོན་འགོག སྦགས་བཙོག་ཚོད་འཛིན། གནམ་གཤིས་སྙོམ་སྒྲིག སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་སོགས་ལ་ནུས་པ་གལ་ཆེན་ལྡན་ཡོད་པས། འདམ་ར་དང་། ནགས་ཚལ། རྒྱ་མཚོ། ཆུ་བོ་བཅས་ལ་གོ་ལ་ཧྲིལ་པོའི་སྣོད་བཅུད་མ་ལག་ཆེན་པོ་གསུམ་ཞེས་བརྗོད་ཀྱི་ཡོད།
         ཚྭ་འདམ་གཤོངས་སའི་རྙེད་དཀའ་བའི་འདམ་ར་དེར་སྲུང་སྐྱོང་སྔར་བས་ཡག་པོ་བྱ་ཆེད། ཁེ་ལས་དེས་ད་དུང་རང་འགུལ་ངང་འདམ་རར་སྲུང་སྐྱོང་བྱེད་པའི“ཆུ་དཔོན་ལམ་ལུགས”བཟོས་ཡོད། མཚོ་སྔོན་ཚྭ་མཚོ་བཟོ་ལས་མ་རྐང་ཀུང་སི་གཏེར་འདོན་ཡན་ལག་ཀུང་སིའི་ཚྭ་ཆུ་གཏོང་འདྲེན་འཁོར་ཁང་གི་ཏང་ཀྲི་པུའི་ཧྲུའུ་ཅི་ལུའུ་ཅུན་ཏེ་ནི“ཆུ་དཔོན”ཡིན་པ་དང་། ཁོང་གི་ལས་འགན་ནི་དུས་ངེས་གཏན་གྱིས་རང་གིས་འགན་འཁུར་བའི་ས་ཁོངས་སུ་སྐོར་ཞིབ་བྱེད་པར་བསྐྱོད་རྒྱུ་དེ་རེད།
         ལུའུ་ཅུན་ཏེས“སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་པ་དང་བསྟུན་ནས། ང་ཚོས་རང་རྟོགས་ངང་དོ་དམ་སྲུང་སྐྱོང་བ་བྱས་ཏེ་ཉ་དང་བྱ་རིགས་མ་བཟུང་གཏན་འགོག་བྱས་ཡོད། འདམ་རའི་ནང་སྐྱོད་རིམ་བཞིན་དེར་བབས་པའི་བྱ་རིགས་མང་དུ་མང་དུ་འགྲོ་བ་མཐོང་སྐབས། ང་ཚོ་སེམས་གཏིང་ནས་དགའ་ཚོར་ཆེན་པོ་སྐྱེ་གི་འདུག”ཅེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།