འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།མི་འབོར་རྒྱལ་ཁབ་ཆེ་མོར“ལས་ཞུགས་ཀྱི་ངོ་མཚར”བཏོད་པ། 

    ལོ་རེར་ཆ་སྙོམས་མི་ཁྲི་1300ལ་ལས་གནས་མཁོ་འདོན་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་12ཉིན། 10:14】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། མི་སྤྱི་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལས་མངོན་པར། 2017ལོར་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་མི་ཁྲི་1351གསར་སྣོན་བྱུང་བ་དང་2017ལོའི་ལོ་མཇུག་ཏུ་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་ཚད་གཞི་3.9%ཟིན་ནས་ལོ་མང་རིང་གི་བརྒྱ་ཆ་དམའ་ཤོས་ཆག་པ་རེད།
         ལས་ཞུགས་ནི་དམངས་འཚོ་ཆེ་ཤོས་ཡིན་པས་ཇི་ལྟར་བྱས་ནས་ཐ་སྐྱོང་བྱེད་དགོས་མིན་ནི་ལས་འགན་ཆེན་པོ་ཞིག་རེད། དཔལ་འབྱོར་འཕེལ་རྒྱས་འགྲོ་ཚད་འགོར་བ་དང་གྲུབ་ཆ་ལེགས་སྒྲིག་བྱེད་ཤུགས་ཆེ་རུ་འགྲོ་བའི་དུས་བབ་གསར་པའི་འོག་དང་ངལ་ནུས་མཁོ་སྤྲོད་སྔར་རྒྱུན་བཞིན་མཐོ་སར་གནས་པ་དང་གྲུབ་ཆའི་རང་བཞིན་གྱི་ལས་ཞུགས་ཀྱི་འགལ་ཟླ་ཉིན་བཞིན་མངོན་གསལ་དོད་དུ་སོང་བའི་གནས་ཚུལ་འོག་རང་རྒྱལ་གྱིས་ལོ་ལྔ་བསྟུད་མར་མི་ཁྲི་1300ལྷག་ཙམ་ལ་ལས་ཞུགས་ལས་གནས་མཁོ་འདོན་བྱས་པ་དེ་ནི་མི་འབོར་དུང་ཕྱུར་14ཡོད་པའི་ཀྲུང་གོའི་ངོས་ནས་བརྗོད་ན“ལས་ཞུགས་ཀྱི་ངོ་མཚར”ཞིག་རེད་ཅེས་བརྗོད་ཆོག
         “ལོ་ལྔའི་རིང་། རིམ་རྩིས་བྱས་ན་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་ཁྱོན་མི་ཁྲི་6600ལྷག་ཙམ་གསར་སྣོན་བྱུང་བ་དང་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཤོར་ཐོ་འགོད་ཚད་གཞི་དང་བརྟག་དཔྱད་ལས་ཤོར་ཚད་གཞི་ཆུ་ཚད་ཅུང་དམའ་པོ་རྒྱུན་འཁྱོངས་བྱུང་བ་དང་། མཐོ་སློབ་སློབ་ཐོན་སློབ་མ་སྤྱིའི་ཆ་སྙོམས་ལས་ཞུགས་ཐུབ་ཚད་90%ཡན་བཟུང་བ། གྲོང་གསེབ་ཀྱི་ངལ་ནུས་གཞན་སྒྱུར་གྱི་ལས་ཞུགས་གཞི་ཁྱོན་རྒྱུན་ཆད་མེད་པར་རྒྱ་ཆེར་ཕྱིན་པ། ཐོན་ནུས་འཕྲི་བའི་ལས་བཟོ་ཁྲི་110ལ་ཐབས་ལམ་མང་པོའི་ཐོག་ནས་བཀོད་སྒྲིག་བྱུང་བ་བཅས་རེད། འདི་ནི་ཀྲུང་གོས་ཕུལ་བའི་བཀྲག་མདངས་འཚེར་ཤོས་ཀྱི་ལས་ཞུགས་ཀྱི་ངོ་མཚར་ཞིག་རེད”ཅེས་མི་སྤྱིའི་པུའི་པུའུ་ཀྲང་དབྱི་ཝེ་མིན་གྱིས་གསུངས།
          ལས་ཞུགས་ནི་དམངས་འཚོའི་རྩ་བ་ཡིན་པས་མི་སྒེར་གྱི་འཕེལ་རྒྱས་དང་ཁྱིམ་ཚང་གི་བདེ་རྩ་དང་འབྲེལ་བ་ཡོད་ལ་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་ལྷིང་དང་ཡང་དེ་བས་འབྲེལ་བ་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་རྒྱལ་གྱིས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་རྒྱུན་ཆད་མེད་པར་བྱས་པ་བརྒྱུད་སྒུལ་ནུས་གསར་པ་སྐྱེད་སྲིང་དང་འཕར་སྣོན་བྱུང་བ་དང་དཔལ་འབྱོར་གྱི་གྲུབ་ཆ་གསར་པ་ལེགས་སྒྲིག་བྱུང་ཡོད། རྒྱབ་ལྗོངས་དེ་འདྲའི་འོག་ཀྲུང་གོའི་ཁྱད་ཆོས་ཀྱི་དགེ་མཚན་ལྡན་པའི་ལས་ཞུགས་སྲིད་ཇུས་མ་ལག་ཕུན་སུམ་ཚོགས་སུ་དང་འཐུས་སྒོ་ཚང་དུ་འགྲོ་རྒྱུར་རྒྱུན་མཐུད་ངང་སྐུལ་འདེད་བཏང་བ་དང་། མཐོ་སློབ་སློབ་ཐོན་སློབ་མ་དང་ཐོན་ནུས་འཕྲི་བའི་ལས་བཟོ་སོགས་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ལ་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བྱས་པ། ལས་གཏོད་ཀྱིས་ལས་ཞུགས་ལ་སྐུལ་ཁྲིད་བྱ་རྒྱུར་ལྕག་སྐུལ་བྱས་པ། ཞབས་ཞུ་གསོ་སྦྱོང་ལེགས་སུ་བཏང་བ། ལས་ཤོར་འགན་བཅོལ་དང་ལས་གནས་བརྟན་པོ་ཡོང་བའི་ཁ་གསབ་སོགས་སྲིད་ཇུས་ཀྱིས་ལས་ཤོར་སྔོན་འགོག་དང་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་ནུས་པ་འདོན་སྤེལ་བྱས་པས། ལས་ཞུགས་ཀྱི་དུས་བབ་སྤྱི་ཡོངས་བརྟན་པོ་ཡོང་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།