འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ངོ་མཚར་རི་མོ་པིར་གྱི་རྩལ་ལས་ཐོན། ཟོལ་མེད་བརྩེ་སེམས་ཡིད་ཀྱི་ཀློང་ནས་འཕྱུར།

    ཨུ་རུ་སུར་བཅའ་སྡོད་འདི་ག་ཚགས་པར་གྱི་གསར་འགོད་པ། ཀྲང་ཞའོ་ཏུང་གིས། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་12ཉིན། 10:02】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         ཡིའུ་ལི་ཡ·ན་ཝུའུ་མོ་ཝ་ཐོག་མར་ངོ་ཤེས་སྐབས་ཨུ་རུ་སུར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་གཉེར་བའི་ཨུ་རུ་སུའི་ཀྲུང་གོའི་རི་མོའི་སྒྱུ་རྩལ་ལ་དགའ་ཞེན་མཁན་གྱི་སྣེ་ལེན་ཚོགས་འདུའི་ཐོག་ཡིན་ཞིང་། ཁོང་གིས་སྣག་རིས་རིང་མོ་ཞིག་ཧ་ཅང་ཡག་པོ་བྲིས་གནང་འདུག་པས། ཕྱི་རྒྱལ་བ་ཞིག་གིས་ཀྲུང་གོའི་རི་མོ་ཡག་པོ་འདི་འདྲ་འབྲི་ཐུབ་པ་དཔེ་མི་སྲིད་པ་ཞིག་རེད་སྙམ་ནས་གསར་འགོད་པ་ཧང་སངས་བྱུང་།
         བསྐྱར་དུ་ཡིའུ་ལི་ཡ་ཐུག་སྐབས་སྨི་ངོས་གྲུ་30ཙམ་ཡང་མ་ཟིན་པའི་རི་མོ་ཁང་ནང་ཡིན་ཞིང་། རི་མོ་ཁང་ནི་ཁོང་གི་ལས་དོན་ཁང་ཡིན་པ་མ་ཟད། སློབ་མར་ཀྲུང་གོའི་རི་མོ་འབྲི་སྟངས་སློབ་པའི་སློབ་ཁང་ཆུང་ཆུང་ཞིག་ཀྱང་ཡིན།
         ཀྲུང་གོའི་རི་མོ་འབྲི་སྟངས་སྦྱོང་བ་ནི་ལས་ཀྱིས་བསྐོས་པ་ཞིག་རེད།
         ཀྲུང་གོའི་རིག་གནས་ལ་དགའ་ཞེན་སླེབས་དོན་ཅི་ཡིན་ནམ་ཞེས་འདྲི་སྐབས། ཡིའུ་ལི་ཡས་དེ་ནི་ལས་ཀྱི་བསྐོས་ཐང་རེད་ཅེས་ལན་འདེབས་ཀྱི་འདུག ཁོང་ཆུང་བྱིས་པའི་དུས་ནས་ཤར་ཕྱོགས་ཀྱི་རི་མོར་ཧ་ཅང་དགའ་པོ་ཡོད་པ་དང་། མཛེས་ཤིང་ལྟ་ན་སྡུག་པའི་བར་བཅུག་རི་མོ་ཡོད་པའི་《ཨེ་ཤེ་ཡའི་བྱིས་སྒྲུང་》དེབ་ད་བར་ཉར་ཚགས་བྱས་ཡོད་པ་དང་དེབ་ནང་གི་སྒྲུང་གཏམ་མང་ཆེ་བ་ཀྲུང་གོ་ནས་ཡིན་པ་རེད། སྐབས་དེ་དུས་དཔེ་མཛོད་ཁང་ནས་ཀྲུང་གོ་དང་འབྲེལ་བ་ཡོད་པའི་པར་རིས་དང་ཀོག་ཕིག་པར་གཞི་མཐོང་སྐབས་ཁོང་གི་ཡིད་དབང་འཕྲོག་གི་ཡོད་ཅིང་། ལྷག་པར་དུ་ཀོག་ཕིག་《ལྷ་ཡུལ་དཀྲུག་པ་》ཞེས་པ་དེས་ཁོང་ལ་བག་ཆགས་ཟབ་མོ་བཞག དུས་རབས་གོང་མའི་ལོ་རབས་80པའི་དུས་མཇུག་ཏུ་བརྙན་འཕྲིན་ལས་ཁུངས་སུ་ལས་ཀར་བསྐྱོད་པའི་ཡིའུ་ལི་ཡས་དཔེ་མཛོད་ཁང་ནས་ཆི་པའེ་ཧྲེ་དང་། ཞུས་པེ་ཧུང་། ཝུའུ་ཁྲང་ཧྲོའུ་སོགས་ཀྲུང་གོའི་མཛེས་རྩལ་མཁས་ཅན་གྱི་བརྩམས་ཆོས་ཐོག་མར་མཐོང་བྱུང་བས་དགའ་བ་རབ་ཏུ་འཕེལ།
        1996ལོའི་ལོ་མཇུག་ཏུ་མོ་སི་ཁོ་ཀྲུང་གོའི་སྲོལ་རྒྱུན་རིག་གནས་འཕེལ་རྒྱས་ལྟེ་གནས་ཀྱིས་གཉེར་བའི་ཀྲུང་གོའི་སྲོལ་རྒྱུན་བཟོ་རྩལ་ཐོན་རྫས་འགྲེམས་སྟོན་གྱི་འགོ་ཚུགས་མཛད་སྒོར་མོ་སི་ཁོའི་དམངས་ཚོགས་ཀྱི་དགའ་བསུ་ཚད་མེད་ཐོབ་ཅིང་། ལྟད་མོ་བ་རྫོགས་རྒྱུ་མེད་པ་ཡོང་བའི་ཁྲོད་ཡིའུ་ལི་ཡའང་ཡོད་པ་རེད། དེ་རྗེས་ཡིའུ་ལི་ཡས་ལྟེ་གནས་ཀྱི་དགེ་རྒན་གྱི་དྲུང་ནས་ཡིག་གཟུགས་སྦྱངས། ཡིན་ནའང་རིང་པོ་མ་སོང་བར་འབྲི་ཐུབ་པ་ཙམ་ལས་དོན་དག་མ་རྟོགས་ན་སྟོང་པ་ཡིན་པ་ཤེས་པས། ཁོང་གིས་ལས་ཞོར་དུས་ཚོད་སྤྱད་དེ་ལོ་གཅིག་ལམ་ལུགས་ཀྱི་ཚོང་དོན་རྒྱ་ཡིག་སློབ་སྦྱོང་འཛིན་གྲྭར་མིང་ཐོ་བཀོད་པ་དང་ཀྲུང་གོའི་དགེ་རྒན་གྱི་རོགས་རམ་འོག་རྒྱ་ཡིག་གི་གོ་བརྡ་རགས་ཙམ་འཕྲོད་ཐུབ་པ་བྱུང་། དེ་ལྟར་ཡིན་རུང་ཁོང་རི་མོ་སྦྱོང་མཁན་ཞིག་ཡིན་པས། སེམས་ཀྱི་གཏིང་དུ་ཀྲུང་གོའི་རི་མོ་སྦྱོང་འདོད་ཡོད་པ་རེད།
         སེམས་ཀྱི་གཏིང་དུ་གནས་པའི་ཀྲུང་གོ་དང་འབྲེལ་བའི་ལས་འཕྲོའི་ཆེད་དུ་ཡིའུ་ལི་ཡས་སེམས་ཐག་གཙང་བཅད་ཀྱིས་མི་ཚེའི་ནང་གི་གདམ་ག་ཆེ་ཤོས་ཏེ། ཧྲན་ཏུང་ལིན་དབྱི་དགེ་འོས་སློབ་གླིང་(དེང་གི་ཧྲན་ཏུང་ལིན་དབྱི་དགེ་འོས་སློབ་ཆེན་ཡིན)གི་མཛེས་རྩལ་སློབ་གླིང་དུ་ལས་ཀ་བྱེད་པར་བསྐྱོད་རྒྱུའི་འདུན་ཞུ་བྱས། ལིན་དབྱི་རུ་ཁོང་གི་ལས་ཀ་ནི་ཀྲུང་གོའི་སློབ་མར་ཨུ་རུ་སུའི་སྣུམ་ཚོན་རི་མོ་བསླབ་རྒྱུ་དེ་ཡིན་པ་དང་ལས་ཞོར་སྐབས་ཡིའུ་ལི་ཡས་སེམས་ནུས་ཡོད་རྒུ་ཀྲུང་གོའི་རི་མོ་སྦྱངས་བའི་ཐད་བཞག
         དེ་རྗེས་ཡིའུ་ལི་ཡས་སི་ཁྲོན་ཏུའུ་ཅང་ཡན་དང་། ཧུའུ་ནན་ཁྲང་ཏེ། ཧོ་ནན་ཀྲེང་ཀྲོའུ་བཅས་སུ་སློབ་ཚན་འཁྲིད་པར་བསྐྱོད། མིག་རྒྱང་ཇེ་ཆེར་ཕྱིན་པ་དང་བསྟུན་ནས་ཁོང་གིས་ཀྲུང་གོའི་རི་མོར་ངོས་འཛིན་བྱུང་ཚད་ཀྱང་རིམ་བཞིན་གཏིང་ཟབ་ཏུ་ཕྱིན། ཀྲུང་གོར་སྡོད་པའི་ལོ་གསུམ་ལྷག་ཙམ་རིང་། ཡིའུ་ལི་ཡས་ཀྲུང་གོའི་སློབ་མར་ཨུ་རུ་སུའི་སྣུམ་ཚོན་རི་མོ་བསླབས་ཡོད་ལ། ཁོང་གིས་ཀྱང་ཀྲུང་གོའི་ཡིག་རིས་མཁས་ཅན་གྱི་དྲུང་ནས་སྐོམ་པ་ཆུ་འདོད་ལྟར་ཀྲུང་གོའི་རི་མོ་སྦྱངས་ཡོད། ཁོང་གིས་ཀྲུང་གོའི་དགེ་རྒན་དེ་དག་གིས་དངུལ་སྐར་ལི་ཙམ་ཡང་མ་བླངས་པས། སེམས་འགུལ་ཆེན་པོ་ཐེབས་བྱུང་ཞེས་ཤོད་ཀྱི་འདུག
         ཀྲུང་གོར་བསྡད་ན་གསར་རྩོམ་གྱི་ཤེས་པ་དེ་བས་མང་བ་འཕེལ་གྱི་འདུག
         ཡིའུ་ལི་ཡས་རི་མོ་འབྲི་སྟངས་ལོ་15ལྷག་ཙམ་བསླབས་རྗེས་ཨུ་རུ་སུའི་སློབ་མ་བརྒྱ་ལྷག་ཙམ་གྱིས་ཁོང་དང་མཉམ་དུ་རི་མོ་འབྲི་སྟངས་སྦྱོང་གི་ཡོད་ནའང་མཐའ་འཁྱོལ་བ་དང་གྲུབ་འབྲས་ཐོབ་པ་ཧ་ལམ་མི་10ལས་མེད་ཅེས་བཤད་བྱུང་། ཁོང་གིས་ཨུ་རུ་སུའི་དམངས་ཚོགས་མང་དག་ཅིག་གིས་ཀྲུང་གོའི་རི་མོར་རྒྱུས་ལོན་བྱུང་བ་མ་ཟད། དེ་ནི་ཧ་ཅང་རྙོག་འཛིང་ཆེ་བའི་སྒྱུ་རྩལ་ཞིག་ཡིན་པས། དཀའ་བ་དུ་མ་ཁྱད་དུ་བསད་རྒྱུ་ནི་ལྡོག་མེད་ཀྱི་བགྲོད་ལམ་གཅིག་པུ་དེ་ཡིན་པ་གསལ་རྟོགས་ཐུབ་པ་ནི་རང་ཉིད་ལ་ཐོབ་པའི་གྲུབ་འབྲས་ཆེ་ཤོས་ཡིན་པའི་ངོས་འཛིན་གནང་གི་འདུག
         ཨུ་རུ་སུའི་ཀྲུང་ཧྭའི་མཛེས་རྩལ་སྒྱུ་རྩལ་ལ་དགའ་ཞེན་མཁན་གྱི་སྣེ་ལེན་ཚོགས་འདུའི་ཐོག་ཡིའུ་ལི་ཡས་གཙོས་པའི་ཨུ་རུ་སུའི་མངའ་ཁོངས་ཀྱི་རི་མོར་དགའ་ཞེན་མཁན་གྱི་སྤྲོ་སྐྱིད་ཁང་13དེ་དག་གལ་ཆེ་ཤོས་སུ་གྱུར་ཡོད། ལྷག་པར་དུ་དགའ་འོས་པ་ཞིག་ལ་རི་མོར་དགའ་ཞེན་ཡོད་པ་དེ་དག་ཚང་མ་ཡིའུ་ལི་ཡ་དང་འབྲེལ་བ་ཡོད་ཅིང་། དེ་རྣམས་ཁོང་གི་སློབ་མའམ་ཡང་ན་བརྒྱུད་སློབ་ཡིན་པ་རེད། ཁོང་གིས་གསར་འགོད་པར་ཨུ་རུ་སུར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གིས་བྱེད་སྒོ་འདི་ལྟ་བུ་སྤེལ་བ་ནི་ངས་ལོ་མང་རིང་ཀྲུང་གོའི་ཡིག་རིས་སྒྱུ་རྩལ་བརྒྱུད་བསྒྲགས་བྱ་རྒྱུར་འབད་བརྩོན་བྱས་པའི་ཁས་ལེན་ཡག་ཤོས་དེ་རེད་ཅེས་བཤད་བྱུང་།
         མ་གཞི་ལོ་ཟླའི་འཕེལ་གྲིབ་དང་བསྟུན་ནས་མི་ཚེའི་ཕྱེད་ཙམ་ཕར་ལ་ཟད་ཀྱང་། ཡིའུ་ལི་ཡས་རང་ཉིད་ལ་སྔར་བཞིན་དམིགས་ཚད་མང་པོ་ཞིག་འདིང་གི་ཡོད་པ་དཔེར་ན། ཁོང་གིས་ཀྲུང་གོའི་མཛེས་རྩལ་གྱི་སློབ་གསོ་ཨུ་རུ་སུའི་མཐོ་སློབ་ཏུ་ཁྱབ་གདལ་གཏོང་རེ་བྱེད་པ་དེའོ། གཞན་ཡང་ཁོང་གིས་ཀྲུང་གོར་རང་ཉིད་ཀྱི་རི་མོའི་འགྲེམས་སྟོན་གཉེར་ནས་རང་ཉིད་ལ་རི་མོ་འབྲི་སྟངས་སློབ་མྱོང་བའི་དགེ་རྒན་རྣམས་གདན་དྲངས་ཏེ་ཁོང་ཚོས་རང་ཉིད་སློབ་གཉེར་བྱེད་རིང་བུམ་པ་གང་བྱོའི་ཚུལ་གྱིས་སློབ་ཁྲིད་དང་འཇུངས་པ་མེད་པའི་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་ཐུབ་པའི་ཕུགས་བསམ་ཞིག་འཆང་ཞིན་མཆིས།
         “ཡིན་ནའང་ཉེ་དུས་ཀྱི་དམིགས་ཚད་ནི་ངས་ཀྲུང་གོའི་རི་མོ་སློབ་ཁྲིད་ཀྱི་བརྗོད་དོན་གཙོ་བོའི་འབུམ་རམས་པ་གཞོན་པའི་དཔྱད་རྩོམ་རྩོད་རྒྱུགས་ལེགས་སྒྲུབ་བྱ་རྒྱུ་དེ་ཡིན་ལ། དེ་ནི་དངོས་ཡོད་དང་ཆེས་ཁ་ཚ་དགོས་གཏུག་ཅིག་ཀྱང་རེད། དེ་ནི་ང་རང་ལ་ཀྲུང་གོར་ལས་ཀ་སྒྲུབ་པའི་གོ་སྐབས་དེ་བས་ཡག་པ་རག་པར་རོགས་རམ་བྱེད་པའི་ལམ་ཡིག་ལྟ་བུ་ཞིག་རེད། ང་ཀྲུང་གོར་ལས་ཀ་དང་གསར་རྩོམ་བྱེད་པར་འགྲོ་འདོད་འདུག གང་ལགས་ཤེ་ན། ཀྲུང་གོར་སྡོད་སྐབས་གཞི་ནས་ངའི་གསར་རྩོམ་གྱི་ཤེས་པ་འཕེལ་གྱི་འདུག”ཅེས་ཡིའུ་ལི་ཡས་དེ་ལྟར་བཤད་བྱུང་།
         ཡིའུ་ལི་ཡའི་བློ་ཐག་རྦད་བཅད་ཀྱི་རྣམ་འགྱུར་དང་འགྱུར་བ་མེད་པའི་མིག་ཟུང་ལས་ང་ཚོར་ཁོང་གི་དམིགས་ཚད་མངོན་འགྱུར་ཡོང་ངེས་ཡིན་པའི་ཡིད་ཆེས་ཤིག་སྐྱེ་ཡི་འདུག
      

    ཕྱོགས་བསྡུས་གསར་འགྱུར།