འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཝང་ཁྲོན་ཤིའི་ཟིན་དེབ་200ལྷག་ཙམ་ནས་དམངས་ཆེད་བརྩེ་སེམས་མངོན།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་28ཉིན། 13:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གྲོང་ཚོ་རྙིང་པ་བསྐྱར་སྐྲུན་རྒྱས་སྐྲུན་དང་གྲོང་མིའི་ཡོང་འབབ་ཀྱི་སྐོར་དང་། སློབ་གྲྭ་གསར་རྒྱག་དང་དབུལ་སྐྱོར་རྒུད་སྐྱོབ་ཀྱི་སྐོར། མཛེས་སྡུག་ལྡན་པའི་གྲོང་ཚོ་བསྐྲུན་པ་དང་གྲོང་ཚོའི་རྣམ་པ་ལེགས་སུ་བཏང་བའི་སྐོར་བཅས་ནི་ལོ་19རིང་ཧྲན་ཏུང་ཞིང་ཆེན་ལན་ལིན་རྫོང་ཏའེ་གྲོང་ཚོའི་སྡེ་ཁུལ་ཏང་ཨུད་ཀྱི་ཧྲུའུ་ཅི་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཁྲོན་ཤིས་ཟིན་དེབ་200ལྷག་ཙམ་ནང་བཀོད་པའི་དམངས་ཀྱི་བྱ་གཞག་ལ་དོ་ཁུར་དང་དམངས་ཀྱི་སེམས་ཁྲལ་སེལ་བའི་དོན་རེ་རེ་ཡིན།
         1999ལོའི་ཟླ་གསུམ་པར་ཝང་ཁྲོན་ཤིར་འདེམས་ཤོག་མང་པོ་ཐོབ་ནས་ཏའེ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིར་བདམས། ཝང་ཁྲོན་ཤི་ཡི་ལོ་ཁ་ཤས་གོང་གི་ཟིན་དེབ་ནང་གྲོང་ཚོ་རྙིང་པ་རྒྱས་སྐྲུན་སྐོར་གྱི་དོན་མང་པོ་བཀོད་ཡོད། ཁོང་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་བྱས་མ་ཐག་ཏའེ་གྲོང་ཚོའི་བཙོག་ཟིང་ཞན་གསུམ་གྱི་གནས་ཚུལ་བཅོས་སྒྲིག་དང་མང་ཚོགས་ཀྱི་སྡོད་ཁང་གསར་རྒྱག་བྱས་པར་བརྟེན་ད་ཆ་གྲོང་ཚོ་དེ་མེ་ཏོག་གི་ལྡུམ་ར་ལྟ་བུར་གྱུར་ཡོད་ལ་མང་ཚོགས་རྣམས་ཀྱང་གུ་ཡངས་ཤིང་དཀར་ཆ་དོད་པའི་ཐོག་བརྩེགས་ཅན་གྱི་སྡོད་ཁང་ནང་སྡོད་རྒྱུ་བྱུང་ཡོད།
         འདི་ལོ་ལོ་77ལ་སླེབས་པའི་ཏའེ་གྲོང་ཚོའི་སྡེ་ཁུལ་གྲོང་མི་ལི་ཞོལ་ཆོན་གྱིས་དྲན་གསོ་དང་བཅས་2006ལོ་ནས་2015ལོ་བར་ཏའེ་གྲོང་ཚོས་ལས་དོན་ཁག་དགུ་ལ་བགོས་ནས་གྲོང་ཚོ་རྙིང་པ་བསྐྱར་སྐྲུན་བྱས་པ་མ་ཟད། ད་དུང་ས་ཆའི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་30ཡོད་པའི་ཐོག་བརྩེགས་ཅན་གྱི་གྲོང་མིའི་ཁང་པ་དང་འབྱོར་འབྲིང་ཁང་པ་བརྒྱབ་པའི་ནང་སྨན་ཁང་དང་། སློབ་གྲྭ ཟ་ཁང་། དམངས་ཕན་ཞབས་ཞུའི་ལྟེ་གནས། གྲོང་མིའི་རིག་གནས་ཐང་ཆེན། གཟུགས་པོ་བཀྲུ་ས་སོགས་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་བསྐྲུན་པར་བརྟེན་གྲོང་མི་རྣམས་གྲོང་རྡལ་ཅན་གྱི་འཚོ་བ་སྐྱེལ་ཐུབ་པ་བྱུང་ཡོད་ཅེས་བརྗོད།
        ད་ཕན་ལོ་ཤས་རིང་གྲོང་ཚོའི་མཉམ་སྡེབ་རིམ་བཞིན་ཕྱུག་པོ་ཆགས་རྗེས། “མཉམ་སྤྱོད”ཅེས་པའི་ཚིག་དེ་ཝང་ཁྲོན་ཤིའི་ཟིན་དེབ་ཐོག་འབྲི་མང་བའི་ཚིག་ལ་གྱུར། ཁོང་གིས་གྲོང་མི་རྣམས་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་ཐུབ་རྒྱུ་དང་གྲོང་མི་ཚོས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བྱ་རྒྱུ་དེ་ནི་ཏའེ་གྲོང་ཚོས་ངེས་པར་དུ་མཐའ་འཁྱོངས་བྱེད་དགོས་པའི་འཕེལ་རྒྱས་ཀྱི་འདུ་ཤེས་ཡིན་ཞེས་བརྗོད།
         འདུ་ཤེས་དེ་ལྟ་བུའི་སྣེ་ཁྲིད་འོག་ཏའེ་གྲོང་ཚོས་རྒྱུན་ཆད་མེད་པར་དམངས་འཚོ་འགན་ལེན་གྱི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་། མིག་སྔར་གྲོང་མིར་འབྲས་དང་། གྲོ་ཞིབ། སྣུམ་སོགས་འཚོ་བའི་མཁོ་ཆས་སྤྲོད་པ་དང་། སྡོད་ཁང་གི་ཁ་གསབ་མ་དངུལ་སྤྲོད་པ། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་བྱེད་ལམ་གསར་པ་དང་གྲོང་གསེབ་ཀྱི་འགན་བཅོལ་ལམ་ལུགས་གསར་པའི་དངུལ་སྤྲོད་པ། རྒན་རྒོན་རྣམས་རྒན་གསོ་ཁང་ནང་བཀོད་སྒྲིག་བྱས་པ་དང་འབྲེལ་རྒན་གསོའི་དངུལ་སྤྲོད་པ་སོགས་སྤྱི་ཚོགས་འགན་ལེན་སྲིད་ཇུས་16ལག་བསྟར་བྱས་པར་བརྟེན་ཕྲུ་གུར་བུ་བཅོལ་ཁང་ཡོད་པ་དང་། ཤེས་བྱ་སྦྱོང་ས་ཡོད་པ། ངལ་རྩོལ་ལ་ཐོབ་ཆ་མང་པོ་ཡོད་པ། ན་དུས་སྨན་བཅོས་ཡག་པོ་ཐུབ་པ། རྒས་དུས་འཚོ་རྟེན་ཡོད་པ། སྡོད་སའི་ཁང་པ་ཡོད་པ། དབུལ་ན་རོགས་རམ་བྱེད་མཁན་ཡོད་པ་བཅས་མངོན་འགྱུར་ཐུབ་ཡོད།
         ཏའེ་གྲོང་ཚོའི་དཔལ་འབྱོར་ཆ་རྐྱེན་དང་མཁྲེགས་ཆས་སྒྲིག་བཀོད་རིམ་གྱིས་ལེགས་སུ་ཕྱིན་པ་བརྒྱུད། ཝང་ཁྲོན་ཤིའི་ཟིན་དེབ་ཀྱི་ནང་དོན་གཙོ་བོ་ནི་གྲོང་སྲོལ་དམངས་སྲོལ་ལེགས་སུ་གཏོང་རྒྱུའི་སྐོར་ལ་གྱུར།
         ཏའེ་གྲོང་ཚོའི་སྡེ་ཁུལ་ཏང་ཨུད་ཀྱི་ཨུ་ཡོན་ཝང་ཁྲོན་ཧའེ་ཡིས་ད་ཆ་ཏའེ་གྲོང་ཚོས“རྒྱལ་གཅེས་གྲོང་གཅེས་དང་། ཞི་མཐུན་མཉམ་གནས། བབ་ཆགས་ཡིད་རྟོན། འབད་འབུངས་ཡར་བརྩོན”བཅས་ཀྱི“ཏའེ་གྲོང་ཚོའི་སྙིང་སྟོབས”དར་སྤེལ་ཤུགས་ཆེན་གཏོང་བཞིན་ཡོད་པ་མ་ཟད། ད་དུང་《མནའ་མ་བསུ་ལེན་དང་གཤིན་པོ་དུར་སྐྱེལ་གྱི་ལས་འཛིན་ལྷན་ཚོགས་ཀྱི་སྒྲིག་སྲོལ་》བཟོས་པའི་ཐོག་མནའ་མ་བསུ་ལེན་དང་གཤིན་པོ་དུར་སྐྱེལ་གྱི་ལས་འཛིན་ལྷན་ཚོགས་བཙུགས་ཏེ“བྱེད་ཐབས་གསར་པར་བརྟེན་ནས་གཉེན་སྒྲིག་བྱ་རྒྱུ་དང་རྗེས་མཇུག་སྟབས་བདེ་བྱ་རྒྱུ”མཐའ་འཁྱོངས་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་བསྟར་ཡག་པོ་བྱས་ཡོད་ཅེས་བརྗོད།
        ཝང་ཁྲོན་ཤིས་རྒྱུན་དུ“ཨུ་ལྷན་གཉིས”ཀྱི་ལས་བྱེད་པར་གྲོང་ཚོའི་ལས་བྱེད་པ་ནི་མང་ཚོགས་ཆེད་ལས་ཀ་བྱེད་མཁན་ཞིག་ཡིན་པས་ནུས་ཤུགས་འདོན་ཕོད་པ་དང་དཀའ་ལས་མང་ཙམ་རྒྱག་དགོས་པ་ལས་ལྐོག་ཟ་སོགས་ཀྱི་ལས་བྱ་རྒྱུ་མེད། ལས་བྱེད་པ་ཚོས་དཀའ་ལས་ཇི་ཙམ་བརྒྱབ་ན། མང་ཚོགས་ལ་དེ་ཙམ་གྱིས་ཕན་པ་ཐོབ་ཀྱི་རེད་ཅེས་ཤོད་ཀྱི་ཡོད།
         ལོ་བཅུ་དགུའི་རིང་ཝང་ཁྲོན་ཤིས་ཏའེ་གྲོང་ཚོའི་ཆེད་ཡར་རྒྱུག་མར་རྒྱུག་བྱེད་པའི་གཟུགས་བརྙན་དེ་ཏའེ་གྲོང་ཚོའི་སྡེ་ཁུལ་གྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་མང་ཚོགས་ཚོའི་སེམས་ནང་གསལ་པོར་ངེས་ནས་ཡོད། ཁོང་ཚོས་ཧྲུའུ་ཅི་ཝང་ལགས་ཀྱིས་ཏའེ་གྲོང་ཚོའི་ད་ཆའི་རྣམ་པ་གསར་པ་དེ་ཁོང་གིས་ལོ་དང་ལོ་བསྟུད་ནས་སྐུ་ལས་བསྐྱོན་པ་ལས་བྱུང་བ་ཞིག་རེད་བརྗོད་ཀྱི་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།