འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།2020ལོར་སླེབས་སྐབས་རང་རྒྱལ་དུ་ལས་རིགས་ཀྱི་ཁྱད་ཆོས་དང་འཚམ་པའི་མཁོ་ཆོད་
    སྨན་པའི་གསོ་སྐྱོང་ལམ་ལུགས་གཞི་རྩའི་ཆ་ནས་འཛུགས་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་28ཉིན། 13:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《མཁོ་ཆོད་སྨན་པ་གསོ་སྐྱོང་དང་བེད་སྤྱོད་ཀྱི་ལྕག་སྐུལ་ལམ་སྲོལ་སྒྱུར་བཅོས་དང་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་》བཀྲམ་སྟེ་2020ལོར་སླེབས་སྐབས་ལས་རིགས་ཀྱི་ཁྱད་ཆོས་དང་འཚམ་པའི་མཁོ་ཆོད་སྨན་པ་གསོ་སྐྱོང་ལམ་ལུགས་གཞི་རྩའི་ཆ་ནས་འཛུགས་རྒྱུ་དང་། མཁོ་ཆོད་གསོ་རིག་ཤེས་ལྡན་པའི་འཕེལ་རྒྱས་དང་འཚམ་པའི་ལྕག་སྐུལ་ལམ་སྲོལ་གཞི་རྩའི་ཆ་ནས་འཐུས་སྒོ་ཚང་བ་གཏོང་རྒྱུ་ཡིན་པ་བཏོན་པས། མཁོ་ཆོད་སྨན་པའི་ལས་རིགས་ཀྱི་ཡིད་དབང་འགུགས་ཤུགས་མངོན་གསལ་དོད་པོས་ཆེ་རུ་སོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་ཁྲི་རེར་ཚད་གཞི་ལོན་པའི་མཁོ་ཆོད་སྨན་པ་2ནས་3བར་ཟིན་རྒྱུ་ཡིན་པ་རེད།
         མཁོ་ཆོད་སྨན་པས་གཙོ་བོ་གཞི་རིམ་དུ་རྒྱུན་ཐོན་ནད་རིགས་དང་ཕོག་སླ་བའི་ནད་རིགས་བརྟག་དཔྱད་དང་སྨན་ཁང་བསྒྱུར་བ་དང་། སྔོན་འགོག་དང་འཕྲོད་སྦྱོར། ནད་པ་དྲག་སྐྱེད། གཅོང་ནད་སྨན་བཅོས་སོགས་གཞི་གཅིག་ཅན་གྱི་ཞབས་ཞུ་བསྒྲུབས་ཀྱི་ཡོད་པས། མང་ཚོགས་ཀྱི་བདེ་ཐང་སྲུང་མཁན་གྱི“སྒོ་སྲུང་བ”ཞེས་བརྗོད་ཀྱི་ཡོད། 2016ལོའི་ལོ་མཇུག་བར་རང་རྒྱལ་གྱིས་གསོ་སྦྱོང་བྱས་པའི་ཚད་གཞི་ལོན་པའི་མཁོ་ཆོད་སྨན་པ་ཁྲི་20.9ཟིན་ནས་འཕྲོད་བསྟེན་དང་བདེ་ཐང་བྱ་གཞག་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་བྱས་ཡོད་པ་རེད།
         《བསམ་འཆར་》ནང་སྨན་བཅོས་དང་སློབ་གསོ་ཟུང་འབྲེལ་བྱས་ནས་སློབ་གླིང་གི་མཁོ་ཆོད་གསོ་རིག་སློབ་གསོ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས། མཐོ་རིམ་གསོ་རིག་སློབ་གླིང་གིས་མཁོ་ཆོད་གསོ་རིག་རིག་ཚན་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། གསོ་རིག་ཆེད་ལས་ཀྱི་སློབ་མ་ཡོངས་ལ་མཁོ་ཆོད་གསོ་རིག་གི་སློབ་གསོ་གཏོང་བ་དང་མཁོ་ཆོད་ནད་ཐོག་སྨན་བཅོས་ཀྱི་དངོས་སྦྱོང་བྱེད་དུ་འཇུག་དགོས་པའི་ནན་བཤད་བྱས་ཡོད་པ་རེད།
         “མཁོ་ཆོད་སྨན་པ་གསོ་སྐྱོང་གི་སྤུས་འབོར་གཉིས་ཀ་འཕར་ན་ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུ་དང་རིམ་དབྱེའི་སྨན་བཅོས་ལམ་ལུགས་དོན་འཁྱོལ་བྱེད་པར་ཕན་ཐོགས་བྱུང་ནས་མི་དམངས་མང་ཚོགས་ཀྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་སྐོང་རྒྱུར་སྐུལ་འདེད་ཐེབས་རྒྱུ་རེད”ཅེས་ཀྲུང་གོ་སྨན་པ་དཀའ་བཅུ་པའི་མཐུན་ཚོགས་ཀྱི་མཁོ་ཆོད་སྨན་པ་དཀའ་བཅུ་པའི་ཡན་ལག་ཚོགས་པའི་ཚོགས་གཙོ་ཏུའུ་ཞུས་ཕིང་གིས་བཤད།
         མཁོ་ཆོད་སྨན་པའི་ལས་རིགས་ཀྱི་ཡིད་དབང་འགུག་ཤུགས་ཆེ་རུ་བཏང་ནས་ལྕག་སྐུལ་ལམ་སྲོལ་ཡག་པོ་བཟོ་ཆེད། བསམ་འཆར་ནང་། མཁོ་ཆོད་སྨན་པའི་གླ་ཕོགས་ལམ་ལུགས་སྒྱུར་བཅོས་དང་འཐུས་ཚང་དུ་གཏོང་བ་དང་། སྨན་བཅོས་ཞབས་ཞུའི་རིན་གོང་སྒྱུར་བཅོས་ལ་སྐུལ་འདེད་བཏང་སྟེ་མཁོ་ཆོད་སྨན་པ་ཚུད་པའི་སྨན་དོན་མི་སྣའི་ལག་རྩལ་གྱི་ངལ་རྩོལ་རིན་ཐང་མངོན་པར་བྱེད་པ་དང་། མཁོ་ཆོད་སྨན་པའི་གདན་ཞུ་དང་དོ་དམ་བྱ་ཐབས་འཐུས་ཚང་དུ་གཏོང་བ། མཁོ་ཆོད་སྨན་པའི་ལས་རིགས་འཕེལ་རྒྱས་ཀྱི་མདུན་ལམ་ཡངས་སུ་གཏོང་བ་བཅས་བྱེད་དགོས། གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་འབྲིང་རིམ་དང་མཐོ་རིམ་ཆེད་ལས་ལས་གནས་ཀྱི་བསྡུར་གྲངས་མང་དུ་བཏང་ནས་གཙོ་གནད་ཐོག་མཁོ་ཆོད་ཆེད་ལས་ཀྱི་ནད་སྡོད་སྨན་པ་དཀའ་བཅུ་པ་ཚད་ལྡན་གསོ་སྦྱོང་དང་མཁོ་ཆོད་ཆེད་ལས་ཀྱི་ཆེད་ཚན་སྨན་པ་དཀའ་བཅུ་པ་ཚད་ལྡན་གསོ་སྦྱོང་བྱས་རྗེས་ཚད་གཞི་ལོན་པའི་མཁོ་ཆོད་སྨན་པར་གཟིགས་སྐྱོང་བྱེད་དགོས་པ་བཏོན་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།