འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཀྲུང་གོས་འཛམ་གླིང་འཕེལ་རྒྱས་ལ་ལེགས་སྐྱེས་ཕུལ་བའི་སྐོར་གླེང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་28ཉིན། 13:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་26ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་ཀྲུང་གོས་འཛམ་གླིང་འཕེལ་རྒྱས་ལ་ལེགས་སྐྱེས་ཕུལ་བ་དེ་ཕྱོགས་གང་ས་ཅི་ཐད་ནས་མངོན་པ་དང་། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཕྱིན་པ་དེས་འཛམ་གླིང་ཐུན་མོང་འཕེལ་རྒྱས་དང་ཐུན་མོང་ལས་དབང་གཏོད་པར་དྲང་ནུས་སྔར་ལས་མང་བ་མཁོ་འདོན་ཐུབ་ངེས་རེད་ཅེས་གསུངས།
         ཚེས་20ཉིན། གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས། འདི་ལོའི་ཏ་ཝོ་སི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ལོ་ཚོགས་ཐོག་ཚོགས་ཞུགས་ལས་རིགས་ཁག་གིས་ཀྲུང་གོའི་དཔལ་འབྱོར་གྱི་མདུན་ལམ་དང་ཀྲུང་གོས་འཛམ་གླིང་དཔལ་འབྱོར་ལ་ལེགས་སྐྱེས་ཕུལ་བའི་ཐད་གྲོས་བསྡུར་འཁྲུག་པོ་བྱས་པར་ང་ཚོས་དོ་སྣང་བྱུང་། ཐེངས་འདིའི་ལོ་ཚོགས་ཀྱི་བརྗོད་དོན་གཙོ་བོ་ནི“ཁ་ཐོར་གྱི་འཛམ་གླིང་ཁྲོད་ཐུན་མོང་གི་ལས་དབང་གཏོད”ཅེས་པ་དེ་ཡིན་པར་གཞིགས་ཏེ། ཁྱེད་ཀྱིས་གཟིགས་ན་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཆེ་གྲས་གཉིས་པ་ཡིན་པའི་ཀྲུང་གོས་འཛམ་གླིང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་དང་ཐུན་མོང་ལས་དབང་གཏོད་པའི་ཐད་ནུས་པ་ཅི་འདྲ་ཞིག་འདོན་ཐུབ་རྒྱུ་རེད་དམ་ཞེས་དྲིས་པར།
         ཧྭ་ཁྲུན་ཡིང་གིས་ཏ་ཝོ་སི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ནི་ཀྲུང་གོས་འཛམ་གླིང་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་སའི་ལས་སྟེགས་གལ་ཆེན་ཞིག་རེད། “ངའི་བསམ་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་ན་ནིང་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ལོ་ཚོགས་ལ་ཞུགས་པ་དང་འབྲེལ་བཞེད་དོན་གཙོ་བོའི་གསུང་བཤད་གནང་བ་སྔར་བཞིན་གསལ་ལྷང་ངེར་དྲན་གྱི་རེད་སྙམ་གྱི་འདུག ཞི་ཀྲུའུ་ཞིས་མིག་སྔའི་འཛམ་གླིང་དཔལ་འབྱོར་ལ་གཟིགས་ཞིབ་དང་ཐབས་ཤེས་བཏོན་གནང་བ་དང་། མངོན་གསལ་དོད་པའི་འགལ་བར་དབྱེ་ཞིབ་གཏིང་ཟབ་གནང་ནས་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་སླར་ཡང་དོ་སྙོམས་ཡོང་བར་སྐུལ་འདེད་གཏོང་བའི་གྲོས་འགོ་གལ་ཆེན་བཏོན་གནང་བས། རྒྱལ་སྤྱིའི་ཐོག་རྒྱ་ཆེ་ལ་གཏིང་ཟབ་པའི་ཤུགས་རྐྱེན་བྱུང་ཡོད”ཅེས་གསུངས།
         ཧྭ་ཁྲུན་ཡིང་གིས་གསུངས་དོན། ཀྲུང་གོས་འཛམ་གླིང་འཕེལ་རྒྱས་ལ་ལེགས་སྐྱེས་ཕུལ་བ་དེ་ཕྱོགས་གང་ས་ཅི་ཐད་ནས་མངོན་ཡོད།
         ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཕྱིན་པ་དེས་འཛམ་གླིང་དཔལ་འབྱོར་ལ་སྒུལ་ཤུགས་ཆེན་པོ་ཞིག་སྦྱིན་ཡོད། 2017ལོ་ཁོ་ནར་ཀྲུང་གོས་ཕྱི་ཕྱོགས་ལ་མ་འཇོག་བྱེད་ཚད་ཨ་སྒོར་དུང་ཕྱུར་1200ཟིན་པ་མ་ཟད། མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི་12.46ཟིན་པའི་དངོས་ཟོག་ནང་འདྲེན་བྱས་ཏེ་རྒྱལ་ཁབ་ཁག་ལ་རྒྱ་ཆེའི་ཁྲོམ་ར་དང་། མ་འཇོག འཕེལ་རྒྱས་བཅས་ཀྱི་གོ་སྐབས་མཁོ་འདོན་བྱས་པས། ཀྲུང་གོ་ནི་འཛམ་གླིང་དཔལ་འབྱོར་འཕེལ་རྒྱས་བརྟན་པོ་ཡོང་བའི་སྒུལ་ཤུགས་ཡིན་ཞེས་བརྗོད་ཆོག
         ཀྲུང་གོས་རྒྱལ་སྤྱིའི་མཉམ་ལས་ལ་དགའ་བསུ་ཐོབ་པའི་སྤྱི་པའི་ཐོན་རྫས་བཏོན་ཡོད། ཀྲུང་གོས་བཏོན་པའི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ནི་མིག་སྔར་གོ་ལ་ཧྲིལ་པོའི་ནང་དགའ་བསུ་ཐོབ་མང་ཤོས་ཀྱི་རྒྱལ་སྤྱིའི་སྤྱི་པའི་ཐོན་རྫས་གྲས་ཤིག་ཡིན་པས། གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བར་ཁ་ཕྱོགས་གསར་པ་གསལ་སྟོན་དང་རྒྱལ་སྤྱིའི་མཉམ་ལས་ལ་དཔེ་དབྱིབས་གསར་པ་བཏོན་ཡོད། ན་ནིང་ཀྲུང་གོས་གཙོ་གཉེར་བྱས་པའི་སྐབས་དང་པོའི“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཐོག་གཡུར་ཟའི་གྲུབ་འབྲས་ཁག་270ལྷག་ཙམ་ཐོབ་ཡོད།
         ཧྭ་ཁྲུན་ཡིང་གིས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་། ཀྲུང་གོའི་དཔལ་འབྱོར་མགྱོགས་མྱུར་འཕར་བའི་དུས་མཚམས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་སུ་སླེབས་པ་འཁོད་ཡོད། “ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱིས་འཛམ་གླིང་ཐུན་མོང་འཕེལ་རྒྱས་དང་ཐུན་མོང་ལས་དབང་གཏོད་པར་དྲང་ནུས་སྔར་ལས་མང་བ་མཁོ་འདོན་ཐུབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་ཡོད”ཅེས་གསུངས།
      

    ཕྱོགས་བསྡུས་གསར་འགྱུར།