འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།བློ་བཟང་རྒྱལ་མཚན་གྱིས་སྲིད་གྲོས་ཨུ་ཡོན་ལ་གཟིགས་པ་དང་འབྲེལ་ཞིང་ལས་རིགས་ཁོངས་
    ཀྱི་ཚོགས་ཆུང་གྲོས་བསྡུར་ནང་ཞུགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་25ཉིན། 13:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་24ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན། ལྗོངས་ཏང་ཨུད་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་གྱིས་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོར་ཞུགས་མཁན་ཨུ་ཡོན་རྣམས་ལ་གཟིགས་པ་དང་འབྲེལ་ཞིང་ལས་རིགས་ཁོངས་ཀྱི་ཚོགས་ཆུང་གྲོས་བསྡུར་ནང་ཞུགས་པ་རེད། 
          བློ་བཟང་རྒྱལ་མཚན་གྱིས་ཞིང་ལས་རིགས་ཁུངས་ཚོགས་ཆུང་གི་ཨུ་ཡོན་རེ་རེར་ཕྱག་བཏང་གནང་བ་དང་འབྲེལ་བྱམས་བརྩེའི་ངང་གླེང་མོལ་གནང་ནས་ཁོང་རྣམ་པར་དམངས་འཚོ་ལེགས་གཏོང་གི་གནས་ཚུལ་བཀའ་འདྲི་དང་ཤེས་རྟོགས་གནང་བ་རེད། ཚོགས་ཆུང་གྲོས་བསྡུར་གྱི་རྣམ་པ་ཧ་ཅང་འཁྲུག་ཅིང་། ཨུ་ཡོན་ཙེང་ཤིང་ཆོན་དང་། སྤེན་པ་ཚེ་རིང་། ཁྲེན་ལི། ཁྲེན་ཆན། དབང་འདུས། ཚེ་རིང་སྲི་ཆོད། གཡང་ལགས། སྤེན་པ་ཆུང་བདག་སོགས་ཀྱིས་ནས་ཀྱི་སོན་བཟང་གི་ཚན་རྩལ་གལ་ཆེན་འགག་སྒྲོལ་དང་། ཞིང་ལས་ཚན་རྩལ་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན། རྩྭ་ཐང་འབྲོག་ལས་ཀྱི་འཕེལ་རྒྱས། སྐྱེས་ལྡན་ཞིང་འབྲོག་ཐོན་ལས་འཛུགས་སྐྲུན་སོགས་ལ་དམིགས་ནས་གང་བསམ་ལྷུག་གླེང་གིས་ཐབས་དང་ཇུས་བཏོན་གནང་བ་རེད། བློ་བཟང་རྒྱལ་མཚན་གྱིས་ཞིབ་ཕྲ་གསན་པ་དང་ཟིན་བྲིས་ནན་ཏན་བསྐྱོན་ཁར་གཏམ་ལྕེབས་ཡང་ཡང་གནང་ནས་ཚང་མ་དང་གྲོས་བསྡུར་འཁྲུག་པོ་གནང་བ་རེད།
         གཏམ་བཤད་གནང་སྐབས་བློ་བཟང་རྒྱལ་མཚན་གྱིས་སྲིད་གྲོས་ཀྱི་འདས་ཟིན་པའི་ལོ་ལྔའི་ལས་དོན་ལ་ཚད་མཐོའི་གདེང་འཇོག་གནང་བ་དང་རང་སྐྱོང་ལྗོངས་སྲིད་གྲོས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་ལ་རྦད་དེ་མོས་མཐུན་གནང་བ་རེད།
         བློ་བཟང་རྒྱལ་མཚན་གྱིས་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས“ཞིང་གསུམ”ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་གཞི་རྩའི་ཇུས་ཆེན་ལག་ལེན་མཐའ་གཅིག་ཏུ་བསྟར་བ་དང་། ཞིང་སྟོབས་ཞིང་ཕན་ཞིང་ཕྱུག་བཅས་ཀྱི་བྱེད་ཐབས་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་པ། ཞིང་འབྲོག་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་ཏན་ཏིག་བཏང་བ་བཅས་བྱས་པས་ཞིང་འབྲོག་ལས་འཕེལ་རྒྱས་དང་། ཞིང་འབྲོག་ཁུལ་དར་རྒྱས། ཞིང་འབྲོག་མང་ཚོགས་འབྱོར་ཕྱུག་བཅས་ཀྱི་དུས་བབ་བཟང་པོ་རྒྱུན་འཁྱོངས་བྱུང་ནས་འཕེལ་རྒྱས་བརྟན་ལྷིང་གི་སྤྱི་ཡོངས་ལ་འདེགས་སྐྱོར་ཆེན་པོ་བྱས་ཡོད་ཅེས་བསྟན་གནང་བ་རེད།
         བློ་བཟང་རྒྱལ་མཚན་གྱིས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་རྒྱུ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པར་སླེབས་པའི“ཞིང་གསུམ”ལས་དོན་ཡག་པོ་སྒྲུབ་པའི་སྤྱིའི་དམ་འཛིན་བྱ་གཞི་ཞིག་རེད། ང་ཚོས་ངེས་པར་དུ་ཏང་ཀྲུང་དབྱང་གིས་བཏོན་གནང་བའི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་བསྟར་བར་གོ་བ་གཏིང་ཟབ་ལེན་པ་དང་ལག་བསྟར་གཏིང་ཟབ་བྱས་ནས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གྲོང་གསེབ་དར་རྒྱས་ཀྱི་ལམ་དུ་བསྐྱོད་དེ་ཞིང་འབྲོག་ལས་མདུན་ལམ་ཡོད་པའི་ཐོན་ལས་སུ་འགྱུར་བ་དང་། ཞིང་འབྲོག་པ་ཡིད་དབང་འཕྲོག་ཤུགས་ཡོད་པའི་ལས་རིགས་སུ་འགྱུར་བ། ཞིང་འབྲོག་ཁུལ་བདེ་སྡོད་ལས་བརྩོན་གྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སུ་འགྱུར་བ་བཅས་བྱེད་དགོས། ཐོན་ལས་དར་རྒྱས་ཀྱི་གཙོ་གནད་མངོན་གསལ་དོད་པོ་ཡོང་བར་བྱས་ནས་ཞིང་འབྲོག་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
         བློ་བཟང་རྒྱལ་མཚན་གྱིས་དབུལ་སྒྲོལ་འགག་སྒྲོལ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་ཞན་ཆ་གསབ་པ་དང་ཉམས་ཞན་ལ་ཤུགས་སྣོན་རྒྱག་པའི་ལས་འགན་གཙོ་བོ་ཞིག་དང་། གྲོང་གསེབ་དར་རྒྱས་གཏོང་བ་ནི་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་སྐྲུན་པའི་འཐབ་ཇུས་གལ་ཆེན་ཞིག་ཡིན་པས། “ཞིང་གསུམ”ལས་དོན་ཡག་པོ་སྒྲུབ་པའི་ལས་འགན་ལྕི་ལ་གཟི་བརྗིད་ཀྱང་ཆེ་བ་ཞིག་ཡོད། རེ་བར་ཨུ་ཡོན་ཚོས་ཞི་ཅིན་ཕིང་གི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ཐབས་དང་ཇུས་ཧུར་ཐག་འདོན་པ། མང་ཚོགས་ཀྱི་བསམ་ཚུལ་དང་འདུན་པ་ཚོགས་འདུའི་ཐོག་གླེང་བ་དང་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་གཞི་རིམ་དུ་དྲིལ་བསྒྲགས་བྱས་ཏེ་རང་ལྗོངས་ཀྱི“ཞིང་གསུམ”ལས་དོན་འཕེལ་རྒྱས་ཆེན་པོ་ཡོང་ཆེད་སླར་ཡང་བྱས་རྗེས་གསར་པ་འཇོག་དགོས་པའི་ནན་བཤད་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།