འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་2017ལོར་བཟའ་བཅའ་འཐེན་བཤེར་
    བྱས་པ་ཚད་གཞི་ལོན་ཚད་97.6%ཟིན་པ་དེ་ལོ་གོང་མ་ལས་བརྒྱ་ཆའི་གྲངས་0.8མཐོ་རུ་
    ཕྱིན་ཡོད་ཅེས་བཤད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་25ཉིན། 11:10】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་ཟླ་1ཚེས་23ཉིན། རྒྱལ་ཁབ་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ནས་ཤེས་རྟོགས་བྱུང་གསལ། 2017ལོར་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་རྒྱལ་ཡོངས་སུ་བཟའ་བཅའི་མ་དཔེ་ཁག་ཐེངས་ཁྲི་23.33འཐེན་བཤེར་བྱ་རྒྱུ་སྒྲིག་འཛུགས་བྱས་པ་དེ་དག་ཚད་ལོན་ཚད་97.6%ཟིན་ནས་2016ལོ་ལས་བརྒྱ་ཆའི་གྲངས་0.8མཐོ་རུ་ཕྱིན་ཡོད་པ་རེད།
         རྒྱལ་སྲིད་སྤྱི་ཁྱབ་ཁང་བཟའ་བཅའི་བདེ་འཇགས་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་སུན་མའེ་ཅུན་གྱིས་གོང་ཚེས་ཉིན་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་2017ལོའི་གྲོང་མིས་ཉིན་ལྟར་འཛད་སྤྱོད་བྱེད་པའི་འབྲུ་རིགས་དང་། སྣུམ། ཚལ། ཤ སྒོ་ང་། འོ་མ། ཆུའི་ཐོན་རྫས། ཤིང་འབྲས་སོགས་སྤོམ་ཆེའི་བཟའ་བཅའ་འཐེན་བཤེར་བྱས་པ་ཚད་གཞི་ལོན་ཚད་97.5%ཡན་རྒྱུན་འཁྱོངས་ཐུབ་ཡོད། སྤྱི་ཚོགས་ཐོག་དོ་ཁུར་བྱེད་མང་བའི་ཕྲུ་གུ་དམར་འབྱར་གྱི་སྡེབ་སྦྱོར་འོ་རྩམ་འཐེན་བཤེར་བྱས་པ་ཚད་གཞི་ལོན་ཚད་99.5%ཟིན་ནས་2016ལོ་ལས་བརྒྱ་ཆའི་གྲངས་0.7མཐོ་རུ་ཕྱིན་པ་དང་། ཚད་གཞི་མ་ལོན་པ་རྣམས་གཙོ་བོ་མཚོན་རྟགས་དང་ལན་པར་ཡིན་པ་རེད། གཞན་ཡང་ཐོན་སྐྱེད་ཁེ་ལས་ཆེ་གྲས་དང་ཚོང་གཉེར་ཁེ་ལས་ཆེ་གྲས་ཀྱི་མ་དཔེ་འཐེན་བཤེར་བྱས་པ་ཚད་གཞི་ལོན་ཚད་99.6%དང་98.7%སོ་སོར་ཟིན་ནས་2016ལོ་ལས་བརྒྱ་ཆའི་གྲངས་0.6མཐོ་རུ་ཕྱིན་ཡོད་ཅེས་ངོ་སྤྲོད་བྱས།
         སུན་མའེ་ཅུན་གྱིས་འཐེན་བཤེར་བྱས་འབྲས་ལས་མངོན་པ་ལྟར་ན། རང་རྒྱལ་གྱི་བཟའ་བཅའི་བདེ་འཇགས་གནས་ཚུལ་རྒྱུན་མཐུད་བརྟན་ཐོག་ཡར་འཕེལ་བྱུང་བ་དང་། འཐེན་བཤེར་ཚད་གཞི་ལོན་ཚད་2014ལོ་ཚུན་ཕྱོགས་ཡོངས་ནས་ཟམ་མི་ཆད་པར་མཐོ་རུ་ཕྱིན་ཡོད། དེ་དང་ཆབས་ཅིག་བཟའ་བཅའི་བདེ་འཇགས་ཀྱི་མངོན་གསལ་དོད་པའི་གནད་དོན་རིམ་བཞིན་ཉུང་དུ་ཕྱིན་པ་དཔེར་ན། ཕྲུ་གུ་དམར་འབྱར་གྱི་སྡེབ་སྦྱོར་འོ་རྩམ་ཁྲོད་ལོ་དགུ་བསྟུད་མར་སན་ཅུས་ཆིན་ཨན་གཅིག་ཀྱང་ཐོན་མེད་པ་དང་། ལོ་བཞི་བསྟུད་མར་སྒོ་ངའི་ཟས་རིགས་ཁྲོད་སུའུ་ཏན་དམར་ཞེས་པའི་རྫས་འགྱུར་གྱི་ཚོས་ཐོན་མེད་ཅེས་ངོ་སྤྲོད་བྱས།
         འོན་ཀྱང་། སུན་མའེ་ཅུན་གྱིས་2017ལོའི་འཐེན་བཤེར་བྱས་འབྲས་ལས་མངོན་པར། རང་རྒྱལ་གྱི་བཟའ་བཅའི་བདེ་འཇགས་ཀྱི་གནད་དོན་ཐོན་སླ་བ་དང་ཐོན་མང་བའི་དུས་སུ་སླེབས་ཡོད་པས། ཞིང་སྨན་དང་ཕྱུགས་སྨན་གྱི་ལྷག་རོ་དང་། ལྕི་བའི་ལྕགས་རིགས་ཀྱི་སྦགས་བཙོག སྐྱེ་དངོས་དུག་རྒྱུའི་སྦགས་བཙོག་བཅས་ཀྱི་གནད་དོན་ལ་དོ་ཁུར་ཆེན་པོ་བྱེད་དགོས་པ་དང་། སྐྱེ་དངོས་ཕྲ་རབ་ཀྱི་སྦགས་བཙོག་གནད་དོན་སྔར་བཞིན་ཡོངས་ཁྱབ་ངང་གནས་པ་དང་། སྒྲིག་འགལ་ངང་སྦྱོར་རྟ་སྤྱོད་པ་དང་། ཁྲིམས་དང་མ་མཐུན་པར་སྦྱོར་རྟ་སྔར་བཞིན་སྤྱོད་པ། སྤུས་ཚད་ཀྱི་དམིགས་ཚད་དེ་ཚད་གཞི་དང་མི་མཐུན་པ་སོགས་ཀྱི་གནད་དོན་མང་པོ་ཡང་སེ་ཐོན་པ། ཁེ་ལས་ཁག་གཅིག་གིས་བྱེད་པོའི་འགན་འཁྲི་དོན་འཁྱོལ་མི་བྱེད་པ་དང་ཉེན་ཁ་དོགས་ཟོན་བྱ་ཐབས་དོན་འཁྱོལ་བྱས་མེད་པའི་གནད་དོན་ལྷག་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།